ཝང་ཏཱ་ནན་གྱིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་རྟོག་ཞིབ་བྱས།
2023.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏཱ་ནན་གྱིས་ཟླ་བཞི་པའི་ཚེས་བདུན་ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་རྟོག་ཞིབ་བྱས་ཏེ། ཁེ་ལས་དང་སྡོད་ཁུལ། རིག་གནས་ཚོགས་ར། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་བཅས་སུ་སོང་བར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། ཏང་གི་གསར་གཏོད་གཞུང་ལུགས་གཞི་རིམ་དུ་ལག་ལེན་བྱེད་པ་དང་། འདྲེས་སྦྱོར་སྨྱན་བྱད་ཀྱི་འཛུགས་སྐྲུན། རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས། མཉམ་འབྲེལ་འགན་ལེན་གྱི་ལས་གཞི་གཙོ་བོའི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས།

ཝང་ཏཱ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ལག་བསྟར་བྱས་ཏེ་གོ་བ་ཟབ་མོ་ལོན་པར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་དྲིལ་སྒྲོག་གི་ལག་བསྟར་ཕན་འབྲས་ཇེ་མཐོར་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་ལ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་དགོས་ཟེར།

ཝང་ཏཱ་ནན་གྱིས་ནན་གྱིས་བསྟན་དོན། མཐུན་སྒྲིལ་དང་བརྟན་འཇགས། ཡར་སྐུལ་བཅས་རྒྱུན་འཁྱོངས་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་སྒྲོག་གཙོར་བྱས་ཤིང་། བཅོས་སྒྱུར་གསར་བ་དང་གྲུབ་འབྲས་གསར་བ་མངོན་པར་བྱེད་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་ནས། ཡིད་ཆེས་དྲག་པོའི་སྤྱི་ཚོགས་ཀྱི་དབྱངས་རྟ་གཙོ་བོ་གླུ་རུ་ལེན་དགོས། དྲ་ཐོག་དང་ཡུལ་དངོས་ཀྱི་དྲིལ་སྒྲོག་ལ་གཅིག་འདོམས་བྱེད་པ་དང་། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་བྱད་ལྟེ་གནས་སོགས་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། དྲ་རྒྱའི་དྲིལ་སྒྲོག་གི་རང་འགུལ་དབང་ཆ་དམ་འཛིན་དང་གཞི་རིམ་ལ་ཁ་ཕྱོགས་པ་དང་མང་ཚོགས་ངེས་སུ་འཇུག་པར་དོ་སྣང་བྱས་ནས། གཞུང་ལུགས་ཀྱི་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱ་བ་དེར་སྔར་ལས་དངོས་འབེབས་གང་ལེགས་བྱེད་པ་དང་དྲོད་ཁོལ་ལྡན་པར་བྱས་ཏེ། མང་ཚོགས་ལ་སློབ་གསོ་གཏོང་བ་དང་མང་ཚོགས་ལ་ཁྲིད་སྟོན་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་བཟང་བོར་བསྒྲུབ་དགོས། ཤུགས་ཆེན་པོས་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་བྱས་ཏེ། རིག་གནས་ཀྱིས་གནས་སྐོར་དར་བར་བྱེད་པ་དང་གནས་སྐོར་གྱིས་རིག་གནས་མཚོན་པར་བྱེད་པ་གནད་སར་བཟུང་སྟེ། བསམ་པ་རྣམ་དག་གིས་རིག་གནས་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་ཆེན་པོ་འབྲི་དགོས་ཟེར།

ཝང་ཏཱ་ནན་གྱིས་ད་རུང་བ་རིང་ཆུ་གསོག་གློག་འདོན་ས་ཚིགས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་ ཤུགས་སྣོན་པ། མྱུར་ཚད་དང་སྤུས་ཚད་དམ་འཛིན་བྱས་ཏེ་ཧུར་ཐག་སྒོས་ལས་གཞིར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།