ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་པོ་རུ་བྱ་བར་རྟོག་ཞིབ་བྱས།
2023.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་པོ་རུ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆའི་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ། སྟོབས་ཤུགས་ཡོད་རྒུས་གནས་སྐོར་དུས་ཆེན་གཙོ་བོའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་ནས། ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དགོས།

ཝུའུ་ཞའོ་ཅུན་སོགས་སྔ་གཞུག་ཏུ་མཚོ་སྔོན་པོའི་མཚོ་སྐོར་གསོལ་མགྲོན་ཁང་དང་གླང་ཆེན་མཆེ་བ་ལྗོངས་རྒྱུ་ཁུལ། གནས་སྐོར་པའི་སྣེ་ལེན་ལྟེ་གནས་སོགས་ལ་སོང་ནས། ཡུལ་དངོས་ནས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ལྗོངས་རྒྱུ་ཁུལ་གྱི་སྤུས་འདེགས་རིམ་སྤོར་དང་ཁུལ་ཁོངས་གཅིག་གྱུར་འཛུགས་སྐྲུན། སྣེ་ལེན་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བ། ལས་རྣམ་འཁོར་རྒྱུག་གསར་གཏོད་སོགས་བྱ་བའི་ཐད་རེ་བ་གསལ་བོ་བཏོན།

དེའི་རྗེས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གལ་ཆེན་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཆུ་དང་མཁའ་དབུགས། ལྗོངས་རྒྱུ་ཁུལ་གྱི་ཁོར་ཡུག་གི་སྤུས་ཚད་བཅས་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་གནས་སྐོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བཙོག་ཆུ་དང་གད་སྙིགས་གནོད་མེད་སྒོས་ཐག་གཅོད་བྱེད་པ། གསང་སྤྱོད་དང་སྐྱེ་ཁམས་ར་སྐོར་འཛུགས་སྐྲུན་དང་དོ་དམ་ཚད་ལྡན་དུ་བསྒྱུར་ནས། སྐྱེ་ཁམས་གནས་སྐོར་ལེགས་བསྡུས་ཅན་དང་ཐཱན་དམའ་ཅན། ལྗང་མདོག་ཅན་དུ་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་དགོས། སྒྲིག་གཞི་རྐྱེན་སྲོལ་ལ་དབྱེ་ཞིབ་བྱེད་པ་དང་། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྲིད་གཞུང་དང་ཁེ་ལས། མང་ཚོགས་བཅས་ཕྱོགས་གསུམ་གྱི་མཉམ་འཛུགས་དང་མཉམ་སྐྱོང་། མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་གནས་སྐོར་གྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་མིའི་བརྩོན་སེམས་ཆེར་བསྐྱེད་དེ། སྲིད་གཞུང་ཡིད་ཚིམ་པ་དང་ཁེ་ལས་འཕེལ་རྒྱས་སུ་གཏོང་བ། མང་ཚོགས་ལ་ཕན་པ་ཡོད་པའི་ལྗོངས་རྒྱུ་ཁུལ་གྱི་གསར་སྤེལ་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཀོད་སྒྲིག་བྱེད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྤྱིའི་འཆར་འགོད་དང་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་དང་འབྲེལ་བའི་སྤྱིའི་འཆར་གཞི་ལ་འབྲེལ་མཐུད་བཟང་བོ་བྱེད་པ། གཟབ་ནན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཆེད་དོན་འཆར་གཞི་སྣ་ཚོགས་བཀོད་དེ། ཕན་ཚུན་གཞོགས་འདེགས་དང་སྲུབས་མེད་འབྲེལ་མཐུད་བྱེད་དགོས། ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། གནས་སྐོར་ཚོང་རྟགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གནས་སྐོར་ཞབས་ཞུའི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ལྗོངས་རྒྱུ་ཁུལ་ལ་འཆར་འགོད་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ། གནས་སྐོར་རྣམ་པ་གསར་བ་ཕྱིར་བཏོན་ནས། གནས་སྐོར་ཡིད་ཚིམ་པར་བྱེད་དགོས། གནས་སྐོར་དུས་སྐབས་གཙོ་བོའི་སྐབས་ཀྱི་ཁོར་ཡུག་བཅོས་སྐྱོང་ཆེན་མོ་དང་ཞབས་ཞུ་མཐོར་འདེགས་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མང་ཚོགས་ཀྱི་ཁེ་ཕན་ལ་གཅིག་འདོམས་ལྟ་རྟོག་བྱེད་པ། མཚོ་སྔོན་པོའི་ས་ཁུལ་གྱི་གནས་སྐོར་ཚོང་རའི་ཁོར་ཡུག་བཅོས་སྐྱོང་དང་གཙང་དག་བྱེད་པ། གནས་སྐོར་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་ནས། མཚོ་སྔོན་པོ་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཧི་ལུའུ་ཁྲུན་གཉིས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།