ཟླ་བཞི་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་མུ་རི་གཏེར་ཁུལ་དུ་སོང་ནས་འགན་ལེན་འབྲེལ་འདྲིས་བྱེད་པའི་ལས་གཞི་ཆེན་པོར་རྟོག་ཞིབ་བྱས་པར་མ་ཟད། བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ནས། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དེ་དགོངས་པ་སློབ་སྦྱོང་བྱེད་པ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་དོ་སྣང་བྱེད་པ། བྱས་རྗེས་གསར་བ་འཇོག་པའི་ཕྱོགས་གལ་ཆེན་དུ་བརྩིས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དམ་འཛིན་བྱེད་དགོས།
པད་ཁོ་སྔ་གཞུག་ཏུ་སྤྱང་ཚང་གཏེར་ཁྲོམ་དང་པོ་དང་ཅོག་རྒན་གཏེར་ཁྲོམ་ལྔ་བར་སོང་ནས། ཡུལ་དངོས་ནས་སྙིགས་རིའི་ལྗང་བསྒྱུར་དང་ཆུ་རྒྱུན་འབྲེལ་མཐུད་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ནི་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་གནང་བའི་མངག་བཅོལ་གལ་ཆེན་ཡིན་པས། ངེས་པར་དུ་རྒྱལ་དོན་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། བདེན་འཛིན་དངོས་གཉེར་དང་ཕན་འབྲས་བརྩོན་ལེན་བྱེད་པ། གནད་དོན་ལ་དམིགས་པ་དང་དཀའ་བ་གདོང་གིས་བསུས་ཏེ། བྱ་བ་སྤེལ་ཤུགས་ཇེ་ཆེར་གཏོང་དགོས།
པད་ཁོས་བསྟན་དོན། ད་ལོ་ནི་ལོ་གསུམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་མཇུག་བསྒྲིལ་བའི་ལོ་དང་གནད་འགག་གི་ལོ་ཡིན་པས། ལས་ཁུངས་སོ་སོས་བསམ་བློའི་སྟེང་སྔར་ལས་མཐོང་ཆེན་བྱེད་པ་དང་བྱ་སྤྱོད་སྟེང་ཡང་བསྐྱར་ལག་བསྟར་བྱས་ཏེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས། ཕྱོགས་བཞིའི་འགན་འཁྲི་ལག་བསྟར་བྱེད་པ་དང་། དུས་ཚོད་དང་དུས་ཚིགས་གཙིགས་སུ་འཛིན་པ། གནད་དོན་དང་ཞན་ཆ་ལ་དམིགས་པ། མཉམ་འབྲེལ་སྒོས་དཀའ་ཁག་སེལ་ནས། ལས་འགན་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོ་སྤྱི་སྡོམ་ནན་མོ་བྱེད་པ་དང་། རྗེས་མཐུད་ཀྱི་དོ་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཕྱོགས་བསྡུས་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས།
ཚོགས་ཐོག་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།
རིན་ཆེན་མཚོས་བསྒྱུར།