ལིའུ་ཐའོ་ཡིས་འགོ་འཛིན་བྱས་ཏེ་ལས་བགོས་འགན་གཉེར་སྡེ་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།
2023.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཞི་བའི་ཚེས་བདུན་ཉིན།   ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་འགོ་འཛིན་བྱས་ཏེ་ལས་བགོས་འགན་གཉེར་སྡེ་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་།   ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྲིད་གཙང་ཉེན་ཁ་འགོག་སྡོམ་དང་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།

ལིའུ་ཐའོ་ཡིས་བསྟན་དོན།  ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས་པའི་ཚུན་ལ།    སྐྱེ་ཁམས་སྡེ་ཁག་སོ་སོའི་བསམ་བློའི་ངོས་ཟིན་གནད་ལ་འཁེལ་བ་དང་འགུལ་སྐྱོད་བྱེད་ཐབས་ནུས་ལྡན་ཡིན་ལ།  དུས་ཐོག་ཏུ་སྡེ་ཁག་རང་གི་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པར་མ་ཟད།    གོ་རིམ་ལྟར་སྐུལ་འདེད་ནན་མོ་བཏང་སྟེ་ཆེད་དོན་དག་ཐེར་བཅོས་སྐྱོང་ཐད་ཕན་འབྲས་མངོན་གསལ་བླངས་ཡོད།    ཡིན་ཡང་།   སྲིད་གཙང་ཉེན་ཁ་ཞིབ་བཤེར་དང་འགོག་སྡོམ་ཐད་སྔར་བཞིན་མི་འདང་ས་ཡོད་པས།   བྱ་བའི་ཤུགས་ཚད་ཆེ་རུ་བཏང་སྟེ་དགོངས་གཞི་ནན་མོ་དང་བྱེད་ཐབས་ནན་མོ།   སྣང་ཚུལ་ནན་མོ་བཅས་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན།   ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ཏང་ཕྱོགས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་ཡང་ཡིན།   སྒྲིག་ཁྲིམས་སྔར་ལས་ཇེ་དམ་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།   ཆབ་སྲིད་ཁྲིད་སྟོན་དང་སྤྱོད་ཚུལ་འཛུགས་སྐྲུན།   སྲིད་གཙང་འཛུགས་སྐྲུན།  ཉེན་ཁ་འགོག་སྡོམ།  འགན་འཁྲི་དོན་འཁྱོལ་བཅས་ལ་ཤུགས་བསྣན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་མཁན་དང་འགུལ་སྐྱོད་མཁན།  དངོས་སྒྲུབ་མཁན་བྱེད་དགོས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་།  ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་རྒྱུ་དེ་སྐྱེ་ཁམས་སྡེ་ཁག་གིས་བརྗོད་དོན་སློབ་གསོ་སྤེལ་བའི་གསར་སྐྲུན་བྱེད་ཐབས་ཤིག་ཏུ་བརྩིས་ཏེ་ཕྱོགས་ཡོངས་ལ་རྒྱུས་ལོན་བྱེད་པ་དང་གཅིག་གྱུར་ལག་བསྟར་བྱེད་དགོས་པར་མ་ཟད།   དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་ནན་མོ་བྱེད་དགོས།     སྲིད་གཙང་ཉེན་ཁར་ཞིབ་བཤེར་ནན་མོ་བྱས་ཏེ།   གནད་དོན་ལ་ཐད་ཀར་གདོང་གཏོད་པ་དང་འབྱུང་ཁུངས་འཚོལ་ཞིབ་ནན་མོ་བྱེད་པ།   མཐའ་གཅིག་ཏུ་དག་ཐེར་བཅོས་སྐྱོང་བྱེད་པ།   ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ཆེད་དོན་དག་ཐེར་བཅོས་སྐྱོང་སྤེལ་བའི་ཕན་འབྲས་དངོས་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོངས་གཏོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཡུན་སྐྱོང་ཡུན་ཕན་ལ་སྐུལ་འདེད་གཏོང་དགོས།

                                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།