ཟླ་བཞི་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་དཔུང་སྡེ་ཁྲིད་ནས་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་འདོན་སྤྲོད་བྱེད་པར་ཆེད་དོན་རྟོག་ཞིབ་བྱས།
ཚེས་དྲུག་ཉིན་གྱི་སྔ་དྲོར། ཝང་ཞོན་གྱིས་མགོ་འཛིན་བྱས་ནས་ཆེད་དོན་རྟོག་ཞིབ་ཀྱི་གནས་ཚུལ་ངོ་སྤྲོད་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་རྗེས་ཁོ་མོས་བཤད་རྒྱུར། ལས་ཁུངས་སོ་སོས་ཚད་མཐོའི་མཐོང་ཆེན་བྱས་པ་དང་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ལ། རྒྱུ་ཆའི་ནང་དོན་ཆ་ཚང་བས། རྟོག་ཞིབ་ཚན་ཆུང་གི་མི་སྣས་ཕྱོགས་ཡོངས་ནས་རྒྱུས་ལོན་ཆ་ཚང་བྱེད་པ་དང་རྟོག་ཞིབ་དམིགས་འབེན་ལྟར་སྤེལ་བར་འགན་སྲུང་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་གཏིབ་ཟབ་བྱེད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་འདོན་སྤྲོད་བྱེད་པའི་བརྗོད་དོན་དེ་ད་ལོའི་ཟླ་ཟུང་གྲོས་མོལ་བཞུགས་མོལ་གྱི་གྲོས་གཞི་རུ་བྱས་ཡོད་པས། རྟོག་ཞིབ་ཚན་ཆུང་གི་ཁོངས་མིས་རྟོག་ཞིབ་གཏིང་ཟབ་བྱེད་པ་དང་གནད་དོན་གྱི་རྩ་བ་དམ་འཛིན་བྱེད་པ། ལག་བསྟར་བྱེད་ཆོག་པའི་བསམ་འཆར་བཏོན་ནས་ཚན་རྩལ་གྲུབ་འབྲས་ཀྱི་འགག་རྩ་གཏོར་དགོས།
ཚོགས་འདུའི་རྗེས་སུ་ཝང་ཞོན་སོགས་ཀྱིས་མཚོ་སྔོན་སློབ་ཆེན་གྱི་ཕྱུགས་ལས་སྨན་བཅོས་ཚན་རིག་གླིང་དང་ཞིང་ལས་ཚན་རྩལ་སློབ་གླིང་རྒྱལ་ཁབ་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་བསྐྱར་མའི་མཛོད་དང་བོད་ལུགས་གསོ་རིག་སློབ་གླིང་མི་རིགས་གསོ་རིག་རྟེན་མཛོད་ཁང་སོགས་སུ་རྟོག་ཞིབ་བྱས་པ་དང་གནས་ཚུལ་ངོ་སྤྲོད་བྱས་པར་ནན་གྱིས་ཉན་པ་དང་། ཚན་ཞིབ་མི་སྣའི་ཚན་རྩལ་གྲུབ་འབྲས་བསྒྱུར་བའི་ཕྱོགས་ཀྱི་བྱེད་ཐབས་དང་གནད་དོན། བསམ་འཆར་དང་རེ་འདུན་བཅས་ལ་རྒྱུས་ལོན་བྱས།
མི་ཕམ་མགོན་པོས་བསྒྱུར།