ཞིང་ཆེན་སྲིད་གཞུང་གིས་ཟླ་བཞི་བའི་ཚེས་བཅུ་ཉིན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་ས་རྒྱུའི་ཁྱབ་ཞིབ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་དང་ས་རྒྱུའི་ཁྱབ་ཞིབ་ཀྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་རྒྱུའི་ཁྱབ་ཞིབ་བྱ་བ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཚོད་ལྟ་དང་བ་ཚྭ་ཅན་གྱི་ས་ཞིང་ཁྱབ་ཞིབ་བྱ་བར་སྤྱི་བསྡོམས་བྱས་ནས། ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ས་རྒྱུའི་ཁྱབ་ཞིབ་ནི་ཧ་ཅང་གལ་ཆེ་བའི་རྒྱལ་ཁབ་སྟོབས་ཤུགས་ཀྱི་ཞིབ་བཤེར་ཅིག་ཡིན་པས། ཚད་མཐོའི་མཐོང་ཆེན་བྱས་ཤིང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་གི་སྲུང་སྐྱོབ། རྒྱལ་དམངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་མཐོ་ཚད་ནས་ལངས་ཏེ། ས་རྒྱུའི་ཁྱབ་ཞིབ་ཀྱི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། དུས་ཚོད་དམ་འཛིན་སྒོས་ཕྱི་ནང་གི་ལས་རིགས་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། བྱ་བ་གང་ནུས་ཀྱིས་སྔོན་ལ་སྒྲུབ་ནས། རྒྱལ་ཁབ་ཀྱིས་རེ་བ་བཏོན་པའི་དུས་ཚོད་མ་ཐོན་གོང་ཁྱབ་ཞིབ་ལས་འགན་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་དགོས། སྤུས་ཚད་ལ་ནན་ཏན་གྱིས་ཚོད་འཛིན་བྱས་ཤིང་། སྤུས་ཚད་དེ་ཁྱབ་ཞིབ་བྱ་བའི་སྲོག་རྩར་འཛིན་པ་དང་། རིམ་པ་བཞིན་ཁྱབ་ཞིབ་སྤུས་ཚད་ཀྱི་འགན་འཁྲི་དངོས་འབེབས་བྱས་ཏེ། བརྒྱུད་རིམ་ཧྲིལ་བོ་དང་ལས་རིམ་སོ་སོའི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་དང་། ལག་རྩལ་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་པ། ཚད་ལྡན་གྱི་ཆེད་ལས་ལས་ཁུངས་ངག་བཅོལ་བྱེད་པ། འཁོར་སྐར་རྒྱང་ཚོར་དང་གཞི་གྲངས་ཆེན་མོའི་སྟེགས་བུ་སོགས་དེང་རབས་ཅན་ཚན་རྩལ་བྱེད་ཐབས་རྒྱ་ཆེར་བེད་སྤྱོད་བྱས་ཏེ་ས་རྒྱུའི་ཁྱབ་ཞིབ་བྱ་བ་སྤེལ་བ་དང་། ཟོལ་མེད་ཀྱིས་ས་རྒྱུའི་ཁྱབ་ཞིབ་ཀྱི་ཆེད་ལས་ཅན་དང་ཚད་ལྡན་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་བྱས་ནས། རྫུན་བཟོ་ལ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། འགན་སྲུང་ལ་ཤུགས་སྣོན་བྱས་ཏེ་རིམ་པ་སོ་སོས་མྱུར་མོར་མགོ་ཁྲིད་ལས་ཁུངས་སྒྲིག་འཛུགས་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་གྱིས་བྱ་བའི་ཇུས་གཞི་གཏན་འབེབས་བྱེད་པ་དང་། སྡེ་ཁག་བར་གྱི་མཐུན་སྦྱོར་དང་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ། ཟོལ་མེད་ཀྱིས་ཁྱབ་ཞིབ་བྱ་བའི་གྲོན་དངུལ་ལ་འགན་སྲུང་བྱེད་པ། དུས་བཅད་ལྟར་བཀོལ་གཏོང་དང་མཛུབ་སྟོན་ཞིབ་བཤེར་བྱ་བ་སྤེལ་བ། དུས་ལྟར་གཞི་རིམ་ལ་རོགས་སྐྱོར་བྱས་ནས་དོན་དངོས་དཀའ་ཁག་ཐག་གཅོད་བྱེད་པ། སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་ཁྱབ་ཞིབ་ལས་འགན་ཡོངས་འགྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།