ཁོང་ཡུང་གིས་རྨ་སྟོད་རྫོང་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བར་ལྟ་སྐུལ་རྟོག་ཞིབ་བྱས།
2023.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཞི་པའི་ཚེས་དྲུག་དང་ཚེས་བདུན་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བར་ལྟ་སྐུལ་རྟོག་ཞིབ་བྱས།

ཁོང་ཡུང་སོགས་སྔ་གཞུག་ཏུ་རྨ་སྟོད་རྫོང་ཐེན་ཧི་གསར་སྤེལ་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་། ཐེན་ཧི་ཡུལ་སྐོར་གསར་འབྱེད་ཚད་ཡོད་ཀུང་སི། མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་དང་། ཞིང་འབྲོག་མང་ཚོགས་ཀྱིDརིམ་པའི་སྡོད་ཁང་བསྐྱར་འཛུགས་ཡུལ་དངོས། རྨ་སྟོད་རྫོང་ལྟེ་གནས་རྒན་བཀུར་གླིང་སོགས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཐོན་སྐྱེད་ཀྱི་བདག་གཉེར་གནས་ཚུལ་དང་ས་ཡོམ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་རྣམ་གྲངས་ཀྱི་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྨ་སྟོད་རྫོང་གི་བྱ་བའི་སྙན་ཞུ་དང་ཁེ་ལས་ཀྱི་བསམ་འཆར་ལ་ཉན།

ཁོང་ཡུང་གིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། རྨ་སྟོད་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་འགག་སྒྲོལ་ལོའང་ཡིན་པས། ལས་དོན་ཁག་སོ་སོར་གཅིག་གྱུར་བཀོད་འདོམས་བྱས་ཏེ། འབད་པ་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། དགོངས་དོན་སློབ་པ་དང་། གཏིང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་བ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཡིད་ལ་དམ་པོར་བཅངས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་ཤེས་ཡོན་བསྐྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་བསྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་དགོས་ལ།  རྟོག་ཞིབ་བྱ་བའི་སྲོལ་བཟང་དར་སྤེལ་བྱས་ཏེ། འཐབ་ཕྱོགས་དང་པོར་བསྐྱོད་ནས་གནད་དོན་ཐག་གཅོད་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་འགན་འཁྲི་ཆེན་པོ་མཐའ་གཅིག་ཏུ་དང་ལེན་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱེད་པ་དང་། རྨ་སྟོད་ཀྱི་ས་ཁམས་གནས་བབ་ཀྱི་གལ་ཆེན་རང་བཞིན་གྱི་ངོས་ཟིན་ཇེ་དྲག་ཏུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་དེ་ལས་དོན་ཡོད་ཚད་ཀྱི་མགོ་རྩོམ་ས་དང་རྐང་ཚུགས་སར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་པ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་དོན་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་བདེ་སྐྱིད། མི་རིགས་མཐུན་སྒྲིལ་སོགས་ལ་དམ་པོར་དམིགས་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་དོན་ཁག་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། སྲིད་ཇུས་དངོས་འབེབས་དང་། དཀའ་ངལ་སེལ་བ། སྤུས་འདེགས་ནུས་སྐྱེད་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

                                                                                                          རིག་འཛིན་སྒྲོལ་མས་བསྒྱུར།