ཀྲུང་གུང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་ཅེས་པའི་པོད་དང་པོ་དང་གཉིས་པ་ལ་སློབ་སྦྱོང་བྱེད་དགོས་པའི་སྐོར་ནས་བརྡ་ཐོ་བཏང་།
2023.04.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་ཅེས་པའི་པོད་དང་པོ་དང་གཉིས་པ་ལ་སློབ་སྦྱོང་བྱེད་དགོས་པའི་སྐོར་ནས་བརྡ་ཐོ་བཏང་། བརྡ་ཐོ་ཡི་ནང་དོན་ཆ་ཚང་གཤམ་གསལ་ལྟར།

ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་ཅེས་པའི་དེབ་འདི་ཉིད་རྩོམ་སྒྲིག་པར་སྐྲུན་བྱེད་རྒྱུ་ནི། ཏང་ཀྲུང་དབྱང་གི་ཐག་གཅོད་གལ་ཆེན་ཞིག་ཡིན། མིག་སྔར་ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་ཅེས་པའི་པོད་དང་པོ་དང་གཉིས་པ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཟིན་པས། ལས་དོན་འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན།

ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་ཅེས་པའི་ཁྲོད་དུ། ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པ་ནས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་པའི་བར་གྱི་གསུང་རྩོམ་གལ་ཆེན་རྣམས་བསྡུས་ཡོད་ཅིང་།  གསུང་རྩོམ་གལ་ཆེན་འདི་དག་གི་ནང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་རླབས་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་འབད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བསྐྲུན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་གསར་དུ་བཏོད་པ་དང་། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ་དངོས་སུ་ཞུགས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་པ་བཅས་ཀྱི་ཉམས་མྱོང་རྩ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་སྡོམ་བྱས་པ་དེའི་སྟེང་ནས། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་ཆོས་ཉིད་དང་ཀྲུང་གོའི་དོན་དངོས་གཉིས་ཟུང་འབྲེལ་བྱེད་ཀྱིན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱིན་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བཞིན་པ་བཅས་ཀྱི་སྟེང་ནས་ཐོབ་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་འདི་ནི། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པའི་དབང་གྲགས་ཅན་གྱི་སློབ་དེབ་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་ལ་སློབ་སྦྱོང་ནན་ཏན་བྱ་རྒྱུ་དེ་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡོངས་ཀྱི་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་གང་ལེགས་གཏོང་བར་དོན་སྙིང་ཆེན་པོ་ལྡན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་གཏོད་གནང་མཁན་ཡིན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་ལག་ལེན་དངོས་ཀྱི་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་དང་བསམ་བློ་པ། འཐབ་ཇུས་པ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་། སྤྱིར་བཏང་མིན་པའི་གཞུང་ལུགས་ཀྱི་སྙིང་སྟོབས། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་གཞིགས་གཏིང་ཟབ་བཏང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་ཡང་དག་བཅད་པ་བརྒྱུད། གཞི་ནས་མ་རྩོམ་རང་བཞིན་ཆེན་པོ་ལྡན་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་དངོས་སུ་བཏོན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་འཛུགས་དང་འཕེལ་རྒྱས་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཡོད་ཅིང་། ཐག་གཅོད་རང་བཞིན་གྱི་བྱས་རྗེས་བཞག་ཡོད།

ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་ཅེས་པར་སློབ་སྦྱོང་བྱེད་པ་ལ་ཅིས་ཀྱང་། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འབྲེལ་བ་དམ་ཟབ་བྱེད་རྒྱུ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་གི་ལས་འགན་མངོན་འགྱུར་བྱ་རྒྱུར་དམ་པོར་དམིགས་པ། ཞི་ཅི་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་མངོན་སུམ་གྱིས་ཆེ་རུ་བཏང་ནས། བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པའི་ཆ་ནས་དེར་གོ་བ་གཏིང་ཟབ་བླངས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་བ་དང་། དགོངས་པ་འདི་ཉིད་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ལ་ངོས་འཛིན་གང་ལེགས་བྱས་ནས། མཐོང་རྒྱ་གསར་རྐྱང་གི་སྟེང་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆོས་ཉིད་བཅས་ཀྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པར་ཅིས་ཀྱང་། དགོངས་པ་དེས་མར་ཁེ་སི་རིང་ལུགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་ཆེད་མ་རྩོམ་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་ངོས་འཛིན་གང་ལེགས་བྱེད་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད་ཅིང་། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་འཛམ་གླིང་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད་པར་ངོས་འཛིན་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་དང་། དགོངས་པ་དེའི་ཁྲོད་འདུས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་སྟངས་འཛིན་ནན་མོ་བྱས་ཏེ། དགོངས་པ་དེའི་ཁྲོད་དུ་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་འདུས་ཡོད་ཅིང་། འདས་སོང་དང་ད་ལྟ། འབྱུང་འགྱུར་བཅས་དང་འབྲེལ་མཐུད་གང་ལེགས་བྱས་པ་དང་། སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་། ཏང་སྐྱོང་དང་རྒྱལ་སྐྱོང་། དམག་སྐྱོང་སོགས་ཁྱབ་ཁོངས་སོ་སོ་དང་འབྲེལ་མཐུད་གང་ལེགས་བྱས་ཤིང་། གཏན་ཚིགས་ཞིབ་ཚགས་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་པ། མ་ལག་ཆ་ཚང་བ། བརླིང་ཤིང་ཟབ་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་མ་ལག་ཆེན་པོ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བདེན་དོན་སྟོབས་ཤུགས་དང་ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་ལ་གོ་བ་གཏིང་ཟབ་ལེན་པར་ཅིས་ཀྱང་། དགོངས་པ་དེ་ནི་དུས་རབས་གསར་པའི་རླབས་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་རླབས་ཆེན་གྱི་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཡིན་པར་ངོས་འཛིན་གང་ལེགས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་མཁོ་འདོན་བྱས་ཡོད།

ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་ལ་སློབ་སྦྱོང་བྱེད་པར་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་ཡིན་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་ངེས་པར་དུ་དར་སྤེལ་གང་ལེགས་བཏང་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་ལག་ལེན་གྱི་ཁྲིད་ཕྱོགས། དགོས་མཁོའི་ཁྲིད་ཕྱོགས་བཅས་ལ་ཤུགས་སྣོན་རྒྱུ་དང་། བྱ་བའི་དོན་དངོས་དང་བསམ་བློའི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱེད་པ། སློབ་སྦྱོང་གི་ཕན་འབྲས་དེ་ཕུགས་བསམ་བརྟན་གཏོང་དང་ཏང་གཤིས་སྦྱོང་བརྡར་བྱེད་པའི་རང་རྟོགས་ཆེན་པོ་རུ་འགྱུར་བར་བྱེད་པ། རང་འཁྲིའི་བྱ་བ་ཡག་པོར་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱེད་པ་བཅས་ལ་འབད་དགོས།

                                                                                               བན་དེ་སྐྱབས་ཀྱིས་བསྒྱུར།