ཟླ་བཞི་བའི་ཚེས་བཅུ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་སྐུལ་སློང་ཚོགས་ཆེན་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་ཕན་འབྲས་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པར་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་བསྩལ་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་བླང་བྱ་གལ་ཆེན་བཏོན། མཚོ་སྔོན་གྱི་རྒྱལ་ཁོངས་ལྗང་སྒྱུར་བྱེད་རྒྱུ་དེ་ཀྲུང་ཧྭའི་ཆུ་གཏེར་གྱི་ཆུ་ཁུངས་གསོག་སྐྱིལ་དང་ནུབ་ཕྱོགས་ཀྱི་བྱེ་འགྱུར་ཅན་བཅོས་སྐྱོང་། རྒྱལ་ཁབ་ཀྱི་ཐཱན་འདུས་བྱེད་ནུས་ཇེ་ཆེར་གཏོང་བ་བཅས་དང་འབྲེལ་བ་ཡོད་པ་དང་། དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོད་འཛུགས་བྱ་འགུལ་ལ་ཞུགས་པ་དེས་ང་ཚོར་བཀའ་བརྡ་བཏང་བ་ཡིན་ལ། ང་ཚོར་མིག་དཔེ་བསྟན་པའང་ཡིན། འགན་འཁྲི་ཤེས་པར་བྱེད་པ་དང་ལས་འགན་ཁུར་དུ་ལེན་པ། ད་ཡོད་ཀྱི་བྱ་བའི་རྨང་གཞིར་རྒྱུས་ལོན་ཡང་དག་བྱས་ཏེ་བྱ་བའི་མི་འདང་ས་ཤེས་པར་བྱེད་པ། དཀའ་གནད་མཁྲེགས་གཏོར་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་སྲ་བརྟན་དུ་གཏོང་བའི་མཚོ་སྔོན་གྱི་རྒྱུགས་ལན་ཡག་པོ་སྤྲོད་དགོས། ཁ་ཕྱོགས་གསལ་བར་བྱེད་པ་དང་གཙོ་གནད་དམ་འཛིན་བྱེད་པ། ཚན་རིག་ལྟར་གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ་བ། ནགས་དང་རྩྭ། མཁར་གྲོང་བཅས་ཀྱི་བར་སྟོང་ལ་གཅིག་གྱུར་འཆར་འགོད་བྱེད་པ། ལོ་ནས་ལོ་མཐུད་དེ་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་ལེགས་པོར་བསྒྲུབ་སྟེ་ལྗང་སྒྱུར་བྱས་ཆོག་པའི་ས་ཁུལ་ལྗང་སྒྱུར་བྱེད་པ་དང་ལྗང་སྒྱུར་བྱས་ཟིན་པའི་ས་ཁུལ་སྔར་ལས་ཇེ་བཟང་དུ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་སྐྱེ་ཁམས་སྔར་ལས་བཟང་བར་བྱེད་དགོས།
སྡོང་ཕྲུག་དང་རྩྭ་སོན་གྱི་རང་ས་གནས་ཀྱི་དགོས་མཁོ་དང་ལེགས་སྒྱུར་གྱི་བླང་བྱ། སྣ་མང་ཅན་གྱི་ཁ་ཕྱོགས་བཅས་ལ་དམིགས་ཏེ་འདེབས་འཛུགས་བཟང་བོ་བྱས་ནས་ཚན་རིག་ལྟར་རྒྱལ་ཁོངས་ལྗང་སྒྱུར་བྱེད་པར་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ས་ནག་ཐང་བཅོས་སྐྱོང་ལ་མཐོང་ཆེན་བྱས་ཏེ་ཚན་ཞིབ་མཁྲེགས་གཏོར་དང་ལག་རྩལ་ཁྱབ་གདལ། ལས་གཞིའི་འདེགས་སྐྱོར། དུས་སྐབས་རྗེས་མའི་དོ་སྲུང་བཅས་ལ་ཤུགས་སྣོན་དགོས། ནགས་རྩྭའི་བདེ་འཇགས་གནད་དོན་ལ་དམིགས་ཏེ་མི་འདང་ས་ཁ་གསབ་དང་ཁྲིམས་འཛིན་ཇེ་དྲག་ཏུ་གཏོང་བ། སྔོན་འགོག་དམ་འཛིན་བྱེད་པ། འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་སྐྱེ་ཁམས་གནད་དོན་ལ་ནམ་ཡང་དོ་སྣང་བྱས་ཏེ་སྐྱེ་ཁམས་ཚད་མཐའ་དམ་པོར་སྲུང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་དམ་བཅའ་སོ་སོ་ལག་བསྟར་བཟང་བོ་བྱེད་དགོས། དོན་འཁྱོལ་ལ་མཐོང་ཆེན་དང་འགན་སྲུང་ཇེ་དྲག་ཏུ་གཏོང་བ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་དངུལ་གཏོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཚན་རྩལ་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། དམངས་ཡོངས་སྐུལ་སློང་བྱེད་པ་དང་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ། འབད་འཐབ་ལྷོད་མེད་ཀྱིས་རྒྱལ་ཁོངས་ལྗང་སྒྱུར་དང་ཁྱིམ་གཞིས་མཛེས་སྒྱུར་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་ནན་མོ་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་དམ་པོར་དམིགས་པ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ། རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་སྣོན་པ། ལྗང་སྒྱུར་ཐད་ཀྱི་མི་འདང་ས་ཁ་གསབ་བྱས་ཏེ་རབ་མཛེས་མཚོ་སྔོན་གྱི་ལྗང་མདོག་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ་དང་། གསོག་ཚད་དང་འཕར་ཚད་མཉམ་འཛིན་དང་གྲངས་ཀ་དང་སྤུས་ཚད་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆུ་ལ་བརྟེན་ནས་ཐག་གཅོད་དང་ཆུ་ལ་བརྟེན་ནས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ལྗང་སྒྱུར་བྱེད་པར་འཚམ་ན་ལྗང་སྒྱུར་བྱེད་པ་དང་། ལྗང་སྒྱུར་བྱས་ཆོག་པ་ཡོད་ཚད་ལྗང་སྒྱུར་བྱེད་པ། ལྗང་སྒྱུར་བར་སྟོང་སྔར་ལས་སྔོག་འདོན་བྱེད་པ་སོགས་བྱས་ཏེ་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཇེ་མཐོར་གཏོང་དགོས། ནགས་རྩྭའི་ཡུན་ཕན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་རྒྱལ་ཁོངས་ལྗང་སྒྱུར་གྱི་གཙོ་གཞིའི་འགན་འཁྲི་ཇེ་དམ་དུ་གཏོང་བ། སྣ་མང་ཅན་དང་བྱེད་ཐབས་མང་བའི་རྒྱལ་ཁོངས་ལྗང་སྒྱུར་ཐད་ཀྱི་དངུལ་གཏོང་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་བ། ནགས་རྩྭའི་ཐཱན་འདུས་གསར་སྤེལ་བརྗེ་རེས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ། རྒྱལ་ཁོངས་ལྗང་སྒྱུར་གྱི་ཚན་རྩལ་འདེགས་སྐྱོར་ནུས་པའི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་གྱི་གྲུབ་འབྲས་གསར་པར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གནས་ཚུལ་དང་ཟི་ལིང་ལྷོ་རི་དང་བྱང་རི་གཉིས་ཀྱི་ལྗང་སྒྱུར་བྱ་བའི་དམིགས་འབེན་དཔྱད་ཞིབ་འཇུག་འབྲས་ཁྱབ་བསྒྲགས་བྱས། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ནགས་རྩྭ་ཅུའུ་ཡི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།