ཟླ་བཞི་བའི་ཚེས་བཅུ་ཉིན། སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་བཤམས་སྟོན་ཚོགས་འདུ་དང་འཛམ་གླིང་འཛད་སྤྱོད་གླེང་སྟེགས་ཧེ་ནན་ཞིང་ཆེན་གྱི་ཧེ་ཁུག་གྲོང་ཁྱེར་དུ་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གྱིས་བརྙན་རིས་ཤིས་ཚིག་ཕུལ།
ཧི་ལིས་ཧྥིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་བཤམས་སྟོན་ཚོགས་འདུར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ང་ཚོས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཤིང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་གསར་སྐྲུན་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དེ་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱས་ནས། གཞི་ཁྱོན་ཆེན་པོ་ལས་བརྒལ་བའི་ཚོང་རའི་སྦས་ཤུགས་སྔར་ལས་ཇེ་ཆེར་བཏང་། ཀྲུང་གོའི་འཛད་སྤྱོད་ཚོང་རའི་གཞི་ཁྱོན་བརྟན་བརླིང་སྒོས་རྒྱ་བསྐྱེད་པ་དང་རིམ་འཕར་གོམ་སྟབས་མངོན་གསལ་སྒོས་ཇེ་མགྱོགས་ལ་སོང་ཞིང་། འཛད་སྤྱོད་ཀྱིས་ནང་མཁོ་རྒྱ་བསྐྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ནུས་པ་འདོན་ཚད་རྒྱུན་མཐུད་སྒོས་ཇེ་ཆེར་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གིས་ཕན་ཚུན་ལ་སྐུལ་འདེད་བཏང་།
ཧི་ལིས་ཧྥིན་གྱིས་བསྟན་དོན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་ལྟར། ནང་མཁོ་རྒྱ་བསྐྱེད་ཅིང་འཛད་སྤྱོད་སླར་གསོ་དང་རྒྱ་བསྐྱེད་པ་དང་། སྤུས་ལེགས་ཚོང་རྫས་དང་ཞབས་ཞུའི་མཁོ་འདོན་ལ་ཤུགས་སྣོན་པ། སྤུས་ལེགས་འཛད་སྤྱོད་ཐོན་རྫས་ནང་འདྲེན་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ཤུགས་ཆེན་པོས་ལྗང་མདོག་ཐཱན་ཉུང་འཛད་སྤྱོད་དར་སྤེལ་བྱེད་པ་དང་ཧུར་ཐག་སྒོས་སྐུལ་འདེད་བཏང་ནས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་རྨང་གཞི་རང་བཞིན་གྱི་ནུས་པ་འདོན་ངེས་ཡིན་ཟེར།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་མགོ་གཙོ་ལ་ཐུག་འཕྲད་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།