ལིའུ་གོ་ཀྲུང་གིས་ཨན་ཧོས་དང་ཀྲེ་ཅང་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་བྱས།
2023.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཚེས་དགུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཨན་ཧོས་དང་ཀྲེ་ཅང་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བ་དང་འཕྲོད་བསྟེན་བདེ་ཐང་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཞིང་ལས་དང་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། རྒྱུན་འཁྱོངས་ལྷོད་མེད་སྒོས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས་ནས། དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བར་འགན་སྲུང་འདོན་སྤྲོད་བྱེད་དགོས།

ལིའུ་གོ་ཀྲུང་ཞིང་བའི་ཞིང་ར་དང་མཉམ་ལས་ཁང་། འདེབས་འཛུགས་ཁེ་ལས་བཅས་སུ་སོང་སྟེ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་འཕེལ་རྒྱས་དང་སོན་བཟང་གསོ་སྐྱོང་འཕེལ་རིམ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཞིང་ཁར་སོང་སྟེ་དགུན་གྲོ་སྐྱེས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གསོ་སྤེལ་རྟེན་གཞི་ལ་སོང་སྟེ་ཆུའི་ཐོན་རྫས་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་རྒྱུ་དེ་ལོ་ཧྲིལ་བོའི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་འཇགས་དང་བདེ་འཇགས་སྒོས་མཁོ་འདོན་བྱེད་པ་མངོན་འགྱུར་བྱེད་པར་འབྲེལ་བ་ཆེན་པོ་ཡོད། ཐོན་སྐྱེད་ས་ཁུལ་གཙོ་བོ་དང་ཕྱིར་འཚོང་ས་ཁུལ་གཙོ་བོ། ཐོན་སྐྱེད་དང་ཕྱིར་འཚོང་དོ་མཉམ་ས་ཁུལ་བཅས་ཀྱིས་འབྲུ་རིགས་བདེ་འཇགས་ལ་ཏང་སྲིད་ཀྱིས་འགན་འཁུར་བའི་རེ་བ་ལྟར། དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས།

ལིའུ་གོ་ཀྲུང་གིས་རྫོང་རིམ་པའི་སྨན་ཁང་དང་ཡུལ་ཚོ་དང་གྲོང་བརྡལ་འཕྲོད་བསྟེན་ཁང་། སྡེ་བའི་འཕྲོད་བསྟེན། རིམས་འགོག་ལྟེ་གནས་བཅས་ལ་རྟོག་ཞིབ་བྱས་ཏེ། སྒྲིག་གཞིའི་འཁོར་སྐྱོད་དང་གྲོང་གསེབ་འཕྲོད་བསྟེན་དཔུང་སྡེ་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། གྲོང་གསེབ་སྨན་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་ནི། རིམས་ནད་འགོག་སྡོམ་བཟང་བོ་བྱེད་པ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དགོས་གལ་ཆེ་བའི་རེ་བ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་པ་དེ་རིམ་པ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་པའི་ནང་དོན་གཙོ་བོར་བཞག་སྟེ། རྫོང་ཁོངས་ནང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ལེགས་སྒྲིག་དང་སྒྲིག་ཆས་ལེགས་སྒྱུར་བྱེད་པར་ཤུགས་སྣོན་པ་དང་། རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་མ་ལག་གི་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་དུས་རིམ་གསར་བའི་པྲོག་གསར་གློ་ཚད་རིམས་འགོག་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། ནུས་ལྡན་སྒྲུབ་སྟངས་སྤྱི་བསྡོམས་བྱེད་པ་དང་། མི་འདང་ས་དང་ཞན་ཆ་མྱུར་དུ་ཁ་གསབ་བྱེད་པ། བློ་ཐག་རྦད་ཆོད་སྒོས་ཐོབ་དཀའ་བའི་གྲུབ་འབྲས་གཙོ་བོ་སྲ་བརྟན་དུ་གཏོང་དགོས།

                                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།