ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་ཡིས་རྟོག་ཞིབ་ཚན་ཆུང་ཁྲིད་ནས་ཧུའུ་པེ་དང་ཧྲན་ཞི་ཞིང་ཆེན་གཉིས་སུ་མཐོ་རིམ་སློབ་གྲྭའི་ལས་གཉེར་ལས་སྐྲུན་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་ཝུའུ་ཧན་ཚན་རྩལ་སློབ་གླིང་དང་ནུབ་བྱང་ཞིང་ལས་དང་ནགས་ལས་ཚན་རྩལ་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དང་ཧུའུ་པེ་ཡི་ཏུང་པེ་འཕྲུལ་གློག་སྡེ་ཚོགས་ཚད་ཡོད་ཀུང་སི། ཧྲན་ཞི་ཡི་ཁེ་ལས་སྐོར་ཞིག ཏུང་ཧུའུ་མཐོ་གསར་ལག་རྩལ་གསར་སྤེལ་ས་ཁུལ། ཀྲུང་གོ་ཞི་ཨན་འཇོན་མིའི་ཚོང་ར་སོགས་སུ་སོང་ནས་ཡུལ་དངོས་ནས་ལྟ་ཞིབ་དང་བཞུགས་མོལ་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཞིང་ཆེན་གཉིས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་གཉེར་ལས་སྐྲུན་སྲིད་ཇུས་དངོས་འབེབས་བྱེད་པ་དང་ལས་གཉེར་ཐབས་ལམ་རྒྱ་བསྐྱེད་པ། སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་སོགས་ཕྱོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱུས་ལོན་བྱས་པ་དང་བསམ་འཆར་དང་རེ་འདུན་བཏོན་པར་ཉན།
ཐེན་ཁུའེ་ཡིས་བསྟན་དོན། ཧུའུ་པེ་དང་ཧྲན་ཞི་ཞིང་ཆེན་གཉིས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་གཉེར་ལས་སྐྲུན་ཕྱོགས་ནས་ཕན་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་བྱེད་ཐབས་བསྡུ་ལེན་བྱས་ཡོད་པས་ང་ཚོས་སློབ་སྦྱོང་དང་དཔེ་ལྟ་བྱེད་པའི་རིན་ཐང་ལྡན། ཁོས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་གཉེར་ལས་སྐྲུན་བྱ་བ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་ཡོད་ལ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་འབྲེལ་ཡོད། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཏེ། རང་རེའི་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་དང་ལས་གཉེར་འཛུབ་སྟོན་སྡེ་ཁག མི་བཀོལ་ལས་ཁུངས་སུ་ཕན་ཚུན་ངོ་ཐུག་པ་དང་གནད་བཙལ་ནས་རྟོག་ཞིབ་བྱེད་དགོས་པ་དང་། རང་རེའི་ཞིང་ཆེན་གྱི་བར་ཁྱད་དང་མི་འདང་ས་རྩད་ཞིབ་ནན་མོ་བྱེད་དགོས་ལ། གནས་ཚུལ་མཐིལ་རྟོགས་དང་གནད་དོན་ཡང་དག་པར་བཙལ་དགོས། དབྱེ་ཞིབ་དང་ཞིབ་འཇུག་གཙིགས་སུ་འཛིན་དགོས་ཏེ། རྟོག་ཞིབ་ཚན་ཆུང་གིས་གནད་དོན་གསེ་བཀྲོལ་བྱེད་པར་དབྱེ་ཞིབ་བྱས་ནས་ཚོགས་ལ་ཉེ་བའི་ཞིང་ཆེན་སྲིད་གྲོས་ཀྱི་ཟླ་ཟུང་གྲོས་མོལ་ཚོགས་འདུར་གྲ་སྒྲིག་གང་ལེགས་བྱེད་དགོས། བྱེད་ཐབས་བཏོན་པ་གནད་ལ་ཁེལ་དགོས་ཏེ། ཞིང་ཆེན་གཉིས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་དང་དཔེ་ལྟ་ཡག་པོ་བྱེད་པ་དང་རང་རེའི་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་བྱེད་པ། ཁ་གཏད་རང་བཞིན་ལྡ་པའི་སྒོ་ནས་རང་རེའི་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཚམས་ཤིང་སྒྲུབ་རུང་བའི་ཇུས་གཞི་བཏོན་ནས་རབ་རེའི་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་སྔར་ལས་ལྷག་པའི་སྒོ་ནས་ལས་གཉེར་ལས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
མི་ཕམ་མགོན་པོས་བསྒྱུར།