མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་སྐྲུན་སྟེགས་བུ་བཅུ་གསོ་སྐྱོང་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2023.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན།   མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་སྐྲུན་སྟེགས་བུ་བཅུ་གསོ་སྐྱོང་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   ཁོས་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་།  གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ།   རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་ས་གནས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་རྐང་འཛུགས་པ།   ཚན་རྩལ་གསར་སྐྲུན་སྟེགས་བུ་གསོ་སྐྱོང་འཛུགས་སྐྲུན་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནུས་ཡོད་ཀྱི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ཀྱི་སྔོན་ལ།  ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་རྒྱལ་ཁབ་མཐོ་སྒང་སོན་རྫས་ཐོན་ཁུངས་མཛོད་ཁང་དང་ཚྭ་མཚོའི་ཐོན་ཁུངས་བེད་སྤྱོད་བཟང་བོ་བྱེད་པའི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གྲབས་འཛུགས་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན།   གཅིག་གྱུར་འཆར་འགོད་དང་ངེས་གནས་ཡང་དག་པར་འཚོལ་བ།   ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་དམིགས་ཏེ་རང་བདག་གསར་སྐྲུན་ནུས་པ་ཇེ་ཆེར་གཏོར་རྒྱུ་གཙོར་འཛིན་པ་དང་།  ཐོན་ཁུངས་དང་ནུས་ཁུངས།  མཐོ་སྒང་སོགས་ཁྱབ་ཁོངས་ཁ་ཕྱོགས་གཙོ་བོར་བྱེད་པ།    ཚན་རིག་གི་འཕེལ་ཕྱོགས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གཅིག་བསྡུས་བྱེད་པ།   རྒྱུན་མཐུད་འཕེལ་རྒྱས་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད།   སྔོན་ཐོན་གསོག་ནུས་ལག་རྩལ།   མཐོ་སྒང་གསོ་རིག   ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་སོགས་གཙོ་གནད་ཁྱབ་ཁོངས་འཛུགས་སྐྲུན་ལ་དམིགས་ཏེ་ཚན་རྩལ་གསར་སྐྲུན་སྟེགས་བུ་འཛུགས་སྐྲུན་ལ་ལངས་གནས་མཐོན་པོས་སྐུལ་འདེད་གཏོང་བ་དང་མགོ་རྩོམ་ས་མཐོན་པོ་ནས་འཆར་འགོད་བྱེད་པ།   སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན།    དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ།   བྱ་བའི་འགན་འཁྲི་ཇེ་ཞིབ་ཏུ་བཏང་སྟེ་རང་འགན་རང་འཁུར་དང་མཉམ་འཛིན་མཉམ་སྤེལ།  འཁོར་སྐྱོད་ནུས་མཐོ་ཡི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས།    འཇོན་མིའི་འདེགས་སྐྱོར་འབུར་དུ་ཐོན་པར་བྱེད་པ་དང་རིགས་སོ་སོའི་འཐོན་མིའི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་འཇོན་མིའི་གསོན་ཤུགས་བསྐྱེད་དགོས།    རྒྱལ་ཁབ་པུའུ་ཨུ་བར་གྱི་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་།   སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ།  མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གསར་སྐྲུན་སྟེགས་བུ་མྱུར་དུ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས།  ཚན་ཞིབ་བྱ་གཞི་ཡང་དག་པར་འདེམ་པ་དང་བེད་སྤྱོད་བརྗེ་སྤོར་ལ་དོ་སྣང་བྱས་ཏེ་བཀོད་སྒྲིག་ལུགས་མཐུན་དང་ངེས་གནས་གསལ་བོ།   དོ་དམ་ཚན་རིག་དང་མཐུན་པ།   སྒོ་འབྱེད་མཉམ་སྤྱོད་བཅས་ཀྱི་གསར་སྐྲུན་སྟེགས་བུའི་འཕེལ་རྒྱས་མ་ལག་ཧུར་ཐག་གིས་འཛུགས་དགོས།

གྲོས་ཚོགས་སྟེང་།   ཚན་རྩལ་གསར་སྐྲུན་སྟེགས་བུ་གསོ་སྐྱོང་འཛུགས་སྐྲུན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།  འབྲེལ་ཡོད་སྡེ་ཁག་གིས་གཏམ་བཤད།

ཚེ་རིང་ཐར་དང་ཧི་ལུའུ་ཁྲུན་གྲོས་ཚོགས་ལ་ཞུགས།   ལིའུ་ཁྲའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

                                                                                                                  ལྷ་མོ་ཚེ་རིང་གིས་བསྒྱུར།