མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛུགས་བྱ་བ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2023ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བའི་གྲོས་ཚོགས་ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་འདས་པའི་ལོ་ལྔའི་རིང་གི་ཁྲིམས་འཛུགས་བྱ་བར་སྤྱི་སྡོམ་བྱས་པ་དང་། མིག་སྔའི་ཁྲིམས་འཛུགས་བྱ་བའི་གནས་བབ་གསར་བ་དང་ལས་འགན་གསར་བར་དབྱེ་ཞིབ་བྱས་ལ། ད་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛུགས་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྱིས་མགོ་འཛིན་བྱས་པར་མ་ཟད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ནས་རེ་བ་བཏོན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྲོས་ཚོགས་ལ་ཞུགས།
ཝང་ལིས་མེན་གྱིས་བསྟན་དོན། རང་ཞིང་གི་ཁྲིམས་འཛུགས་བྱ་བའི་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་ཟབ་མོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ། གསར་འཛུགས་དང་བཟོ་བཅོས། ལག་བསྟར་བྱེད་མཚམས་འཇོག་པ། འགྲེལ་བཤད་རྒྱག་པ་བཅས་ལ་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཤུགས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཝང་ལིས་མེན་གྱིས་བསྟན་དོན། དུས་རབས་གསར་བའི་རང་ཞིང་གི་ཁྲིམས་འཛུགས་བྱ་བའི་གནས་བབ་གསར་བ་དང་རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། ས་གནས་ཁྲིམས་འཛུགས་ཀྱི་ཤུགས་འདོན་ས་འཚོལ་བ། དམངས་ཆེན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཁྲིམས་འཛུགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཕན་མཐོ་མཉམ་ལས་ཀྱི་ཁྲིམས་འཛུགས་བྱ་བའི་རྣམ་པ་གྲུབ་པར་བྱེད་པ། ཁྲིམས་འཛུགས་འཆར་འགོད་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཁྲིམས་བཟང་བོ་བཙུགས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་ལ་འགན་སྲུང་བྱས་ཏེ། རང་ཞིང་གི་ཁྲིམས་འཛུགས་བྱ་བའི་ལེའུ་གསར་བ་འབྲི་དགོས།
རིན་ཆེན་མཚོས་བསྒྱུར།