ཞིང་ཆེན་ཏང་ཨུས་བརྗོད་དོན་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་བྱ་བའི་གྲོས་ཚོགས་བསྡུས།
2023.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། རང་ཞིང་གི་སྐོར་ཁག་དང་པོའི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ཡུའེ་ཞ་ཡིས་གཏམ་བཤད།

ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་ནི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྟོབས་ཤུགས་གལ་ཆེན་དང་མེད་དུ་མི་རུང་བའི་འཛིན་བྱེད་ལྟ་བུ་ཡིན། ལངས་གནས་མཐོར་འདེགས་སུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་པ། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ཟབ་མོར་ཤེས་པར་བྱས་ནས།  སྐོར་སྐྱོད་མཛུབ་སྟོན་བྱ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱེད་དགོས། གཙོ་གནད་དང་གནད་འགག་དམ་འཛིན་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་།  གཞུང་ལུགས་སློབ་སྦྱོང་ཤུགས་དྲག་ཏུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་དམ་པོར་འཛིན་པ། སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ཀྱི་ཕྱོགས་དྲུག་གི་བླང་བྱ་དངོས་འབེབས་གནད་དུ་ཁེལ་བར་བྱེད་པ་དང་། འགན་འཁྲི་གསལ་བོར་རྟོགས་ཤིང་རང་འགན་མཐའ་འཁྱོལ་དུ་སྒྲུབ་ནས། སྐོར་སྐྱོད་མཛུབ་སྟོན་གནད་ཁེལ་སྒོས་སྤེལ་དགོས། བྱེད་སྟངས་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ། ལས་ཁུངས་ཏང་ཨུ་དང་ཏང་ཙུའུ་ལ་བརྟེན་ནས་སྐོར་སྐྱོད་མཛུབ་སྟོན་སྤེལ་བ་དང་། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་དགོས་ལ། གནད་དོན་གཅིག་པར་ཐུན་མོང་གི་ལན་འདེབས་པ་རྒྱུན་འཁྱོངས་བྱེད་པ་དང་། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཉམས་མྱོང་ཤེས་རྟོགས་དང་སྤྱི་སྡོམ་བྱེད་པར་དོ་སྣང་བྱེད་དགོས། རང་ངོས་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་སྟེ། རང་གཅུན་ནན་མོ་བྱེད་པ་དང་། རང་ངོས་གཞུང་ལུགས་གསོ་སྦྱོང་ལ་ཤུགས་སྣོན་པ། སྒྲིག་ཁྲིམས་ཚད་མཐའ་བརྟན་པོར་སྲུང་བ། མཐུན་སྒྲིལ་མཉམ་ལས་ཇེ་དྲག་ཏུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་། སྣང་བརྙན་བཟང་པོ་གྲུབ་པར་བྱས་ནས།  སྐོར་སྐྱོད་མཛུབ་སྟོན་བྱ་བར་གོ་རིམ་ལྡན་ཞིང་གྲུབ་འབྲས་ལྡན་པར་ཁག་ཐེག་བྱེད་ཆེད།  སྤྱོད་ཚུལ་དང་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

                                                                                               རིག་འཛིན་སྒྲོལ་མས་བསྒྱུར།