ཟླ་བཞི་པའི་ཚེས་བཅུ་ཉིན། སྐབས་གཉིས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་ཚོགས་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་གྲོང་ཁྱེར་དང་ཁུལ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་བསྡོམས་པས་མི་བཞི་བཅུ་དུས་ཡུན་ཉིན་ལྔའི་རིང་གི་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭས་ཆེད་མཁས་པས་སྒྲོག་འགྲེལ་དང་ཚན་ཆུང་བགར་ནས་གྲོས་སྡུར་བྱེད་པ་དང་། གྱོད་དཔེ་དང་ཡུལ་དངོས་སློབ་ཁྲིད་སོགས་ཀྱི་རྣམ་པ་སྤྱད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སོགས་ནང་དོན་གཙོར་བཟུང་ནས་སློབ་སྦྱོང་བྱེད་རྒྱུ་ཡིན་པར་མ་ཟད། སློབ་མ་རྣམས་རྩ་འཛུགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་དམིགས་ནས་སློབ་སྦྱོང་དང་གྲོས་སྡུར་བྱས་ནས། མི་རིགས་བྱ་བའི་ལས་བྱེད་པའི་སྲིད་ཇུས་རིགས་གཞུང་དང་བྱེད་སྒོའི་ཤེས་བྱའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་རྒྱུ་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།