ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དང་པོ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།
ཝང་དབྱང་གིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། དེ་གཏན་ཕབ་གཉིས་ཀྱི་གཏན་འཁེལ་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་ཀྱི་དོན་དངོས་བྱ་སྤྱོད་དུ་བྱས་ཤིང་། རང་རྟོགས་སྒོས་ཚད་གཞི་མཐོན་པོ་འཛིན་པ་དང་དངོས་འབེབས་ནན་འཛིན་བྱེད་པ། དམིགས་འབེན་རེ་བ་གཏན་འཁེལ་བྱེད་པ། བྱ་བའི་ལས་འགན་དམ་འཛིན་བྱས་ཏེ། བརྗོད་དོན་སློབ་གསོར་འཆར་འགོད་དང་རྩ་འཛུགས། དངོས་འབེབས་བཅས་གང་ལེགས་བྱེད་དགོས་ཟེར།
ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་དངོས་འབེབས་བྱེད་པ་དང་། ཕྱོགས་ཡོངས་ནས་བྱ་བའི་ལས་འགན་དངོས་འབེབས་བྱེད་པ། གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ། ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་བཏང་ནས་ཆབ་སྲིད་སྟོབས་དང་ལྡན་པར་བྱེད་དགོས། གཏིང་ཟབ་ཏུ་རྟོག་དཔྱོད་དང་ཞིབ་འཇུག་བྱེད་པ་དང་། བྱ་བའི་དཀའ་ཁག་སེལ་ནས་བསམ་ཕྱོགས་དུས་མཐུན་ཡོང་བར་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གནད་དུ་འཛིན་པ་དང་ཡང་དག་པར་ཐབས་ཇུས་ལག་བསྟར་ལ་ཞིབ་འཇུག་བརྡར་གཅོད་བྱས་ནས་བྱ་བ་ནུས་ལྡན་ཡོང་བར་བྱེད་དགོས། ལྟ་རྟོག་དང་དག་ཐེར་ལ་དམིགས་ནས་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ་སྒྲིག་ལམ་ནན་སྲུང་བྱེད་དགོས། སྒྲིག་ལམ་དང་ལམ་ལུགས་འཛུགས་པར་དོ་སྣང་དང་ལམ་ལུགས་ལག་བསྟར་ལ་ཤུགས་བསྣན་ནས་བྱ་སྤྱོད་ཚུལ་ལྡན་ཡོང་བར་བྱས་ཏེ། ཟོལ་མེད་ཀྱིས་བརྗོད་དོན་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་དགོས་ཟེར།
ཝང་དབྱང་གིས་བརྗོད་དོན་སློབ་གསོ་དང་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པའི་དཔུང་སྡེའི་སློབ་གསོའི་དག་ཐེར་ཟུང་འབྲེལ་གང་ལེགས་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ། འཕེལ་ཕྱོགས་དང་འཚམ་པར་ཤུགས་འདོན་པ། གཞི་གཅིག་སྐུལ་འདེད་བཏང་སྟེ། གཏན་ཆགས་ཀྱི་ཕན་འབྲས་ཐོན་པ་དང་སྔོན་དཔག་གི་ནུས་པ་ཐོན་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།