ཟླ་བཞི་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཐན་ཐེན་ཞིན་མཚོ་སྔོན་དུ་ཡོང་ནས་གཞི་རིམ་བཟོ་ཚོགས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་རྟོག་ཞིབ་བྱེད་རོགས་བྱས།
ཐན་ཐེན་ཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། ཐོན་རྫས་སྡེ་ཚོགས། ཧྲིན་ཡོན་ས་གདན་ཀུང་སི། ཝུན་ཁྲིན་ལམ་གཞིས་ཁུལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ལས་ཁུངས་སོགས་སུ་སོང་ནས་ཞབས་ཞུ་བྱེད་ཡུལ་དང་ལས་བཟོ་བའི་རིག་གནས་ཁང་འཛུགས་སྐྲུན་རྣམ་གྲངས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། གཞི་རིམ་བཟོ་ཚོགས་འཛུགས་སྐྲུན་དང་། ཚོགས་པ་འཛུགས་པ། རྫོང་རིམ་པའི་བཟོ་ཚོགས་ཤུགས་སྣོན་ལོ་ཡི་ཆེད་དོན་བྱ་བ་བཅས་ལ་རྒྱུན་ལོན་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ཏང་གི་གསར་གཏོད་གཞུང་ལུགས་གཞི་རིམ་དུ་བསྐྱོད་པ་དང་། འཐབ་ཡུལ་དང་པོར་བསྐྱོད་པ། ལས་བཟོ་བའི་གམ་དུ་བསྐྱོད་པར་སྐུལ་འདེད་བཏང་ནས། མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་གཞི་རྩ་བརྟན་པོར་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་བཟོ་ཚོགས་འཛུགས་སྐྲུན་ཐད་བཏོན་པའི་ཤུགས་འདོན་ས་གསུམ་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་དགོས། རྫོང་རིམ་པའི་བཟོ་ཚོགས་ཤུགས་སྣོན་ལོའི་ཆེད་དོན་བྱ་བ་ནན་ཏན་གྱིས་སྤེལ་བ་དང་བཟོ་ཚོགས་ཀྱི་ཡོངས་ཁེབས་གཉིས་རྒྱ་བསྐྱེད་ནས། གཞི་རིམ་བཟོ་ཚོགས་འཛུགས་སྐྲུན་བྱེད་པ་དང་གསོན་ཤུགས་རྒྱས་པར་བྱས་ནས་སྟོབས་ལྡན་དུ་གཏོང་དགོས། ཁེ་དབང་སྲུང་སྐྱོབ་ཞབས་ཞུའི་གཞི་རིམ་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ། ཞབས་ཞུའི་མ་ལག་འཐུས་ཚང་དང་ཞབས་ཞུའི་ཚོང་རྟགས་ལེགས་སྒྱུར་བྱེད་པ། བཟོ་ཚོགས་ཀྱི་ཡིད་འགུག་ནུས་པ་དང་གཅིག་སྡུས་ནུས་པ། ཤུགས་རྐྱེན་ཐེབས་ཚད་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས། ལས་བཟོ་བའི་ཕ་ཁྱིམ་དྲོན་མོ་དང་སེམས་ཁུར་བྱེད་མཁན་བྱེད་དགོས། ངལ་རྩོལ་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཐོན་ལས་བཟོ་བའི་དཔུང་ཁག་འཛུགས་སྐྲུན་གྱི་བཅོས་སྒྱུར་དང་། ཁེ་ལས་དམངས་གཙོ་དོ་དམ་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་དགོས་ལ། བཟོ་ཚོགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་དང་ངལ་རྩོལ་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་གོ་རིམ་ལྡན་པར་སྦྲེལ་མཐུད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། བཟོ་ཚོགས་བཅའ་ཁྲིམས་དང་ངལ་རྩོལ་བཅའ་ཁྲིམས་ཁྲིམས་སྲོལ་སོགས་བཅའ་ཁྲིམས་ལག་ཆ་བཀོལ་སྤྱོད་བཟང་པོ་བྱས་ཏེ། བཟོ་ཚོགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།