ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་མེ་རི་ཁའི་དབྱིན་ཐི་ཨར་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་ཕ་ཐི·ཀི་ཨར་ཞིན་ཀི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་ངེས་ཡིན་ལ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ལ་ཞབས་འདེགས་ཞུ་ཚད་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་འབད་པས་བསྐྲུན་ཏེ། རྒྱལ་ཁབ་སོ་སོའི་ཁེ་ལས་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ལོངས་སྤྱོད་བྱ་རྒྱུ་ཡིན། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བ་ནི་འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན་ཞིང་། རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟི་ནི་མེད་དུ་མི་རུང་བའི་སྐུལ་འདེད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། དཀའ་ངལ་དང་འགྲན་སློང་ཁྱད་དུ་སེལ་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་དང་ཐོན་ལས་མཉམ་ལས་སྔར་ལས་ཇེ་ལེགས་སུ་གཏོང་དགོས། དབྱིན་ཐི་ཨར་ཀུང་ཟི་ཀྲུང་གོའི་ཁྲོམ་རའི་ནང་ཞུགས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོབ་བྱ་ཆེད་བྱས་རྗེས་འཇོག་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
ཀི་ཨར་ཞིན་ཀི་ཡིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྟོད་བསྔགས་ཆེན་པོ་བྱས་ཏེ། ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་པོར་ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་བ་དང་། ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁེ་དབང་ལ་སྲུང་སྐྱོབ་བྱས་པར་ཐུགས་རྗེ་ཆེ་ཞུས་ནས། དབྱིན་ཐི་ཨར་ཀུང་ཟིས་ཀྲུང་གོའི་ཁྲོམ་རའི་མདུན་ལམ་ལ་ལྟ་སྟངས་ཡག་པོ་བཟུང་ནས། དངུལ་གཏོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།