ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་གནང་།
2023.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་རྒྱུ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ། དམག་འཐབ་གྲ་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཚུལ་སྒྱུར་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། དམག་དཔུང་གི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་བཅོལ་བའི་ལས་འགན་ཡོད་ཚད་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་གསུངས།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་དུ། ཞི་ཅིན་ཕིང་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལས་ཁུངས་སུ་འབྱོར། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན།

དེའི་རྗེས་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་འཛུགས་སྐྲུན་གནས་ཚུལ་མཚོན་ཐུབ་པའི་སྣེ་མང་སྨྱན་སྦྱོར་ལ་གཟིགས་ནས་འབྲེལ་ཡོད་བྱ་བའི་སྙན་ཞུར་གསན། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་དམག་དཔུང་འཛུགས་སྐྲུན་དང་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་གནང་།

ཞི་ཅིན་ཕིང་གིས་ཆབ་སྲིད་ཀྱི་མཐོ་ཚད་ནས་དམག་དོན་གྱི་གནད་དོན་ལ་བསམ་གཞིགས་གཏོང་བ་དང་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམག་དོན་གྱི་འཐབ་རྩོད་བརྟན་བརླིང་བབ་བསྟུན་ངང་སྤེལ་རྒྱུ་དང་། རྙོག་འཛིང་ཆེ་བའི་གནས་ཚུལ་ལ་དུས་ཐོག་ཏུ་ཁ་གཏད་འོས་འཚམ་འཇལ་བའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། མཐའ་འཁོར་གྱི་ཁྱོན་ཡོངས་བརྟན་ལྷིང་ལ་སྲུང་སྐྱོབ་ནུས་ལྡན་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་དང་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་འཁྲུག་དང་དམག་འཐབ་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། དམག་འཐབ་ཀྱི་ནང་དོན་དང་དམག་འཐབ་སྦྱོང་བརྡར་བྱེད་ཐབས་གསར་གཏོད་བཅས་བྱེད་དགོས། དོན་དངོས་ཀྱི་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། གཙོ་གནད་ཞིབ་འཇུག་བྱ་གཞི་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱས་ཏེ། སྦྱོང་བརྡར་གྱི་ཆུ་ཚད་དང་དངོས་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དངོས་འཐབ་ཀྱི་སྟོབས་ཤུགས་དང་བྱེད་ཐབས་གསར་པ་འཕེལ་རྒྱས་གང་ལེགས་གཏོང་བ་དང་། སྤུས་ཚད་གསར་པའི་དམག་འཐབ་ནུས་པ་འཛུགས་སྐྲུན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། སྒྲིག་ཆས་གསར་པ་དང་སྟོབས་ཤུགས་གསར་པ་མགྱོགས་མྱུར་ངང་དངོས་འཐབ་ཀྱི་ནུས་པ་རུ་འགྱུར་བར་བྱེད་པ་བཅས་ལ་འབད་དགོས། མ་ལག་འཛུགས་སྐྲུན་དང་མ་ལག་བཀོལ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞན་ཆ་ཐག་གཅོད་ནན་མོ་བྱས་ཏེ། དམག་འཐབ་མ་ལག་སྤྱི་ཡོངས་ནས་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དམག་དཔུང་གི་ཏང་གི་མགོ་ཁྲིད་དང་ཏང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་སྐྱོང་བྱེད་རྒྱུ་དམ་འཛིན་ནན་མོ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དམ་འཛིན་ནན་མོ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་རྩ་འཛུགས་བྱེད་པ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་སློབ་པ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་པ་བཅས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་གཅིག་གྱུར་གྱིས་དམ་འཛིན་གང་ལེགས་བྱེད་པ། ཏང་གི་བསམ་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ། མཐུན་སྒྲིལ་ཡར་བརྩོན་གྱི་སེམས་ཤུགས་བསྐྱེད་པ་བཅས་བྱེད་དགོས། འཇོན་མིའི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། འཇོན་མིའི་དཔུང་སྡེ་སྔར་ལས་སྟོབས་ལྡན་དུ་གཏོང་དགོས། ཆབ་སྲིད་སྒྲིག་སྦྱོང་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། སྤྱོད་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་སྔར་ལས་ཇེ་དམ་་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། དམག་དཔུང་གི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་པ་དང་། གཞི་རིམ་ལས་དོན་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། རྨང་གཞི་བཏིངས་སྟེ་དམག་དཔུང་གི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་ནུས་ལྡན་བྱེད་དགོས། རིམ་པ་སོ་སོ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། དམག་དཔུང་འཛུགས་སྐྲུན་ཁྲོད་ཀྱི་མངོན་གསལ་ཅན་གྱི་འགལ་བ་དང་གནད་དོན་ཐག་གཅོད་ནན་ཏན་བྱས་ནས། རང་འགུལ་ངང་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་ལེགས་པར་སེལ་ཏེ། རྒྱ་ཆེའི་དཔོན་དམག་གི་སྣེ་ཁྲིད་དེ་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བསྐྲུན་དགོས་ཞེས་གསུངས།

ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།