ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད།
2023.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 204

ཟླ4པའི་ཚེས10ཉིན་ནས་ཚེས13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད།འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཝུན་གྲུ་ཁ་རུ་གྲུ་གཟིངས་སྟེང་གི་འགྲུལ་བར་ཕྱག་བརྡ་གནང་བའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་རྒྱལ་ཁབ863འཆར་གཞི་རྣམ་གྲངས་བཟོ་སྐྲུན་གྱི་ལྷོ་ཕྱོགས་རྟེན་གཞི་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཀྲན་ཅང་གྲོང་ཁྱེར་གྱི་ཤིང་སྡོང་དམར་པོའི་ནགས་ཚལ་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཝུན་གྲུ་ཁ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་གྲུ་གཟིངས་སྟེང་གི་འགྲུལ་བར་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་མའོ་མེན་ཀའོ་ཀྲིག་གྲོང་ཁྱེར་ཀིན་ཙི་གྲོང་རྡལ་པའེ་ཆའོ་སྡེ་བ་རུ་སྡེ་མི་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཀོང་ཀྲིག་རླངས་འཁོར་སྡེ་ཚོགས་ཨེ་ཨན་ནུས་ཁུངས་གསར་པའི་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སི་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཀོང་ཀྲིག་རླངས་འཁོར་ཞིབ་འཇུག་ཁང་དུ་ཚན་རྩལ་མི་སྣ་དང་ཁེ་ལས་པ། ལས་བཟོ་བ། ཕྱི་ཕྱོགས་དངུལ་གཏོང་ཁེ་ལས་ཀྱི་འཐུས་ཚབ་པ་བཅས་ལ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཀོང་ཏུང་དུ་རྟོག་ཞིབ་མཛད་སྐབས། ཀོང་ཏུང་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་རུ་འདྲེན་པ་དང་ཀུན་གྱི་སྔོན་ལ་ལག་བསྟར་བྱེད་མཁན། ཚོད་ལྟ་ཁུལ་བཅས་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་དོན་སྤྱིའི་ཁྲོད་གནས་བབ་གལ་ཆེན་ཟིན་ཡོད་ཅིང་བྱེད་ནུས་ཆེན་པོ་ལྡན། ཀོང་ཏུང་གིས་མུ་མཐུད་དུ་རྒྱལ་ཁབ་སྟོབས་ལྡན་སྐྲུན་པ་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། སྤུད་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་འཐབ་ཇུས་འོས་འགན་འདི་དཀྱིལ་སྙིང་དུ་འཛིན་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་སྤེལ་བ། ཚན་རྩལ་གྱི་རང་སྟོབས་རང་སྤེལ་ནུས་པ་སྔར་ལས་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་དུའང་ཀུན་གྱི་མདུན་གྲལ་དུ་བསྐྱོད་དགོས་ཞེས་ནན་གྱིས་གསུངས།

ཟླ4པའི་ཚེས10ཉིན་ནས་ཚེས13ཉིན་བར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མེན་དང་ཧྲིན་ཀྲང་ཝང་ཝེ་ཀྲུང་གཉིས་ཀྱི་འགྲོ་རོགས་འོག་ཏུ། སྔ་གཞུག་ཏུ་ཀྲན་ཅང་དང་མའོ་མེན། ཀོང་ཀྲིག་སོགས་ས་ཁུལ་དུ་སོང་ནས། ཁེ་ལས་དང་གྲུ་ཁ། ཞིང་སྡེ་སོགས་སུ་རྟོག་ཞིབ་མཛད།

ཀྲན་ཅང་གྲོང་ཁྱེར་དུ་ཡོད་པའི་རྒྱལ་ཁབ863འཆར་གཞི་རྣམ་གྲངས་བཟོ་སྐྲུན་གྱི་ལྷོ་ཕྱོགས་རྟེན་གཞི་རུ་རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕིང་གིས་ཀྲུང་གོ་ནི་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཟ་མའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པར་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ནས། སྐམ་སའི་སྟེང་ནས་ཟས་རིགས་ལེན་དགོས་ལ་རྒྱ་མཚོའི་ནང་ནས་ཀྱང་ཟས་རིགས་ལེན་དགོས། མཚོ་ཐོག་འབྲོག་ར་དང“འབྲུ་མཛོད་སྔོན་པོ”བསྐྲུན་དགོས། འདེབས་འཛུགས་ལས་རིགས་ནི་དེང་རབས་ཞིང་ལས་དང་ཉ་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ལས་དོན་འདི་གང་ལེགས་ངང་བསྒྲུབ་དགོས། རྒྱ་མཚོའི་གཏིང་རིམ་གྱི་གསོ་སྤེལ་སྒྲིག་ཆས་དང་ཤེས་རབ་ཉ་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། རྒྱ་མཚོའི་ཉ་ལས་དེ་ཆ་འཕྲིན་ཅན་དང་རིག་ནུས་ཅན།དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཀྲན་ཅང་ཤིང་སྡོང་དམར་པོའི་ནགས་ཚལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕིང་གིས་ཤིང་སྡོང་དམར་པོའི་ནགས་ཚལ་འདི་ནི་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན་པས་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་བཞིན་དུ་སྲུང་སྐྱོབ་བཟང་བོ་བྱེད་དགོས། རྒྱ་མཚོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁག་གལ་ཆེན་ཞིག་ཡིན་པས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། མི་རབས་ནས་མི་རབས་བར་འབད་བརྩོན་བྱས་ཏེ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱས་ནས། སའི་གོ་ལར་སྲུང་སྐྱོབ་བྱེད་པར་ཀྲུང་གོའི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་གསུངས།

ཚེས13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་གསན་པ་དང་། ཀོང་ཏུང་གིས་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།

ཞི་ཅིན་ཕིང་གིས་ཡུའེ་ཀང་ཨོ་ཁུགས་ཁུལ་ཆེན་པོས་རྒྱལ་ཡོངས་གོང་འཕེལ་གྱི་གནས་སྟངས་གསར་པའི་ཁྲོད་དུ་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད།  ཀོང་ཏུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ།  ཡུའེ་ཀང་ཨོ་ཁུགས་ཁུལ་ཆེན་པོའི་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་ཀོང་ཏུང་གིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་ཆེན་པོ་དང་ལས་གཞི་ཆེན་པོར་བརྩིས་ནས་དམ་འཛིན་ནན་སྒྲུབ་དང་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ།  ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་འཐབ་ས་གཙོ་བོར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དོན་ཆེན་དེ་ཡག་པོ་བསྒྲུབ་པ་བརྒྱུད།  ཡུའེ་ཀང་ཨོ་ཁུགས་ཁུལ་ཆེན་པོའི་ཁུལ་དེ་ཉིད་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འཐབ་ཇུས་འདེགས་གནས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ས་ཆ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣེ་ཁྲིད་ས་ཆར་འགྱུར་བར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་རྒྱུ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགག་རྩ་ཡིན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ས་ཁོངས་གསར་གཏོད་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་རང་བརྟེན་གསར་གཏོད་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ། འགག་རྩ་དང་ལྟེ་བར་གྱུར་བའི་ལག་རྩལ་གྱི་དཀའ་གནད་སེལ་རྒྱུའི་ཐད་ནས་འཕེལ་རྒྱས་སྔར་ལས་ཆེ་བ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས། ཁེ་ལས་ཆུང་འབྲིང་གི་གསར་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་བསྣན་ནས། རང་བདག་ཤེས་བྱའི་ཐོན་དབང་དང་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་གསར་གཏོད་རྣམ་པའི་ཁེ་ལས་སྔར་ལས་གང་མང་སྐྱེད་སྲིང་བྱེད་དགོས། ཁེ་ལས་ཀྱི་རང་བདག་གནས་བབ་ཇེ་མཐོར་གཏོང་བར་ཅིས་ཀྱང་གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག  ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཐུབ་པའི་ཐོན་ལས་ཚན་རྩལ་གསར་གཏོད་རྟེན་གཞི་བསྐྲུན་དགོས། ཡུའེ་ཀང་ཨོ་ཁུགས་ཁུལ་ཆེན་པོའི་ཁུལ་གྱི་འཇོན་ཐང་མི་སྣའི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་མི་སྣ་རྩེ་གྲས་ཀྱི་ཕན་འབྲས་མངོན་གང་ཐུབ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་དོན་དངོས་དང་ཁ་བྲལ་ནས་ཁུངས་མེད་ཀྱི་ཕྱོགས་སུ་བསྐྱོད་མི་རུང་བར། ཅིས་ཀྱང་དངོས་ཕུང་དཔལ་འབྱོར་གྱིས་འདེགས་སྐྱོར་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་ངང་འཛུགས་དགོས། ཀོང་ཏུང་གིས་བཟོ་སྐྲུན་ལས་རིགས་ལ་བརྟེན་ནས་ཞིང་ཆེན་བསྐྲུན་རྒྱུའི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྔར་ལས་མཐོང་ཆེན་བྱེད་པ། ཐོན་ལས་ཚུལ་སྒྱུར་རིམ་སྤོར་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་བྱེད་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་ཡིན་ལ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་ནི་མཉམ་དུ་ཕྱུག་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཀོང་ཏུང་གིས་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་པ་དང་། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་ས་ཁོངས་སྦྲེལ་མཐུད་ལ་སྐུལ་འདེད་གང་མགྱོགས་གཏོང་བ། ཀོང་ཏུང་གི་ཤར་རྒྱུད་དང་ཀོང་ཏུང་གི་ནུབ་རྒྱུད། ཀོང་ཏུང་གི་བྱང་རྒྱུད་བཅས་ས་ཁུལ་གྱིས་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་ཐོན་ལས་གོ་རིམ་ལྡན་པའི་ངང་ཚུལ་སྒྱུར་བྱ་རྒྱུར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས། སྐམ་ས་དང་རྒྱ་མཚོ་གཉིས་ཀར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། རི་མཚོ་གཉིས་ཀྱིས་རོགས་སྐྱོར་བྱེད་པ། ཞང་ཀང་གི་ཐོན་ལས་དང་གྲོང་ཁྱེར་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཤུགས་སྣོན་པ། རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ། རྒྱ་མཚོའི་སྟོབས་ལྡན་ཞིང་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བཅས་བྱེད་དགོས། རྫོང་མཁར་གཞི་རྟེན་གལ་ཆེན་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་གཏོང་བ་དང་། དེང་རབས་ཀྱི་གྲོང་གསེབ་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་པ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བཅས་བྱས་ནས། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་པོ་ཡང་བསྐྱར་མི་འབྱུང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མུ་མཐུད་ཡག་པོ་བྱས་ནས། ཡང་བསྐྱར་དབུལ་པོ་རུ་འགྱུར་བའི་སྣང་ཚུལ་གཏན་འགོག་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅི་ཕིང་གིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་ནི་ད་ལོའི་ཏང་འཛུགས་བྱ་བའི་ལས་འགན་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཏང་ཡོན་དང་ལས་བྱེད་པར་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་བྱས།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་རོགས་བྱས་པ་དང་། བརྗོད་དོན་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་བདུན་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།