ལིས་ཆང་གིས་པེ་ཅིང་གྲོང་ཁྱེར་གྱི་ཏུའུ་ཅའོ་ཧྲིག་ཁེ་ལས་སུ་རྟོག་ཞིབ་མཛད།
2023.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 98

ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་གྲོང་ཁྱེར་གྱི་ཏུའུ་ཅའོ་ཧྲིག་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཡིད་ཆེས་བརྟན་པོར་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་གསར་གཏོད་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པའི་མདུན་ལམ་གསར་པ་འབྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་བསྐྲུན་པ་བཅས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ཇེ་ལེགས་སུ་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས།

ལིས་ཆང་གིས་བཞུགས་མོལ་བརྗེ་རེས་མཛད་སྐབས་པེ་ཅིང་གྲོང་ཁྱེར་གྱིས་ཏུའུ་ཅའོ་ཧྲིག་ཁེ་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་བྱེད་སྟངས་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་ནན་གྱིས་བསྟན་དོན། ཏུའུ་ཅའོ་ཧྲིག་ཁེ་ལས་ལ་འཕེལ་རྒྱས་ཀྱི་རང་བཞིན་ཆེན་པོ་ལྡན་པས། ཚད་ངེས་ཅན་གྱི་སྟེང་ནས་བཤད་ན་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་གྱི་ཁ་ཕྱོགས་མཚོན་ཡོད། ཚང་མས་མངོན་པའི་ཡིད་ཆེས་དང་གསོན་ཤུགས་ཀྱིས་ང་ཚོར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་བའི་སྒུལ་ཤུགས་ཆེན་པོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་མཐོང་དུ་བཅུག་ཡོད། ཁེ་ལས་ནི་ཚན་རྩལ་གསར་གཏོད་བྱེད་མཁན་གཙོ་བོ་ཡིན་པས། རྒྱ་ཆེའི་ཁེ་ལས་སྤྱི་དང་ལྷག་པར་དུ་ཚན་རྩལ་ཅན་གྱི་ཁེ་ལས་ཀྱིས་གསར་གཏོད་བྱ་རྒྱུ་ལས་འགན་དུ་བཟུང་ནས། “གཞན་ལ་མེད་པའི་ཁྱད་རྩལ”དང་“སྲ་བརྟན་གྱི་ཉིང་རྡུལ་ཚན་རྩལ”སྔར་ལས་གང་མང་བསྐྲུན་ཏེ། ཁྱབ་ཁོངས་གསར་པ་དང་འགྲན་རྩོད་གསར་བའི་ནང་གཟེངས་སུ་ཐོན་པར་བྱས་ནས། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཡོང་བར་ལེགས་སྐྱེས་འབུལ་རྒྱུའི་རེ་ལྟོས་ཡོད།  ལིས་ཆང་གིས་རིམ་པ་སོ་སོའི་སྲིད་གཞུང་གིས་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་འཚར་ལོངས་ཁྱད་ཆོས་ལ་དམིགས་པ་དང་ཁེ་ལས་ཀྱི་དངོས་ཡོད་དགོས་མཁོར་གཞིགས་ཏེ། ཁེ་ལས་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་ཁོར་ཡུག་དང་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་ནས། ཁེ་ལས་སྟོབས་ལྡན་དུ་གཏོང་བ་དང་སྔར་ལ་སཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

ཝུའུ་ཀྲིན་ལུང་གིས་རྟོག་ཞིབ་གནང་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།