ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་མཛད་སྐབས། དམག་སྦྱོང་གྲ་སྒྲིག་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་ཚུལ་སྒྱུར་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ངེས་པར་དུ་ཡིད་ལ་དམ་པོར་བཅངས་ནས། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པ། དམག་སྦྱོང་དང་དམག་གྲབས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་ཟེར།
ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལས་ཁུངས་སུ་ཕེབས་ནས་འབྲེལ་ཡོད་ལས་དོན་གྱི་སྙན་ཞུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ནས། ཆབ་སྲིད་ཀྱི་མཐོ་ཚད་ནས་དམག་དོན་གནད་དོན་ལ་བསམ་གཞིགས་གཏོང་བ་དང་དམག་དོན་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམག་དོན་འཐབ་རྩོད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བབ་བསྟུན་ངང་སྤེལ་བ། རྙོག་འཛིང་ཆེ་བའི་གནས་ཚུལ་ལ་དུས་ཐོག་ཏུ་ཁ་གཏད་འོས་འཚམ་འཇལ་བའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། མཐའ་འཁོར་གྱི་ཁྱོན་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་གང་ལེགས་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་དམག་འཐབ་སྟོབས་ཤུགས་དང་བྱེད་ཐབས་གསར་པ་འཕེལ་རྒྱས་གང་ལེགས་གཏོང་བ་དང་། སྤུས་ཚད་གསར་པའི་དམག་འཐབ་ནུས་པ་འཛུགས་སྐྲུན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། སྒྲིག་ཆས་གསར་པ་དང་སྟོབས་ཤུགས་གསར་པ། དངོས་འཐབ་ནུས་པ་བཅས་མགྱོགས་མྱུར་ངང་གྲུབ་པར་སྐུལ་འདེད་གཏོང་དགོས། མ་ལག་འཛུགས་སྐྲུན་དང་མ་ལག་བཀོལ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་སེལ་བ་དང་ཞན་ཆ་ཐག་གཅོད་ནན་མོ་བྱས་ཏེ། དམག་འཐབ་མ་ལག་སྤྱི་ཡོངས་ནས་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དམིགས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཏང་གི་དམིགས་འབེན་གཏན་འཁེལ་བྱས་པ་དང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་ནས། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་ལ་ཤུགས་སྣོན་པ་དང་རྒྱལ་ཁ་བརྩོན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་འཐབ་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་བྱས། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཐབས་ཇུས་མཛུབ་སྟོན་དངོས་འབེབས་དོན་འཁྱོལ་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམག་འཐབ་གྲ་སྒྲིག་ལ་དམ་འཛིན་བྱས་ནས། རྒྱལ་ཁ་བརྩོན་ལེན་བྱེད་པ་དང་དམག་འཐབ་ཀྱི་དགོས་མཁོར་དམ་པོར་དམིགས་ནས་ཞན་ཆ་གསབ་སྟེ། ལས་འགན་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།