ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་གྲོས་ཚོགས་བསྡུས།
2023.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་སྤྱི་བསྡོམས་དང་། ཉིས་སྟོང་ཉེར་གསུམ་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག  ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་རིམས་ནད་འགོག་སྡོམ་དང་། འཕྲལ་བསྟུན་ཐག་གཅོད། རིམ་སྤོར་ལེགས་སྒྲིག་སོགས་ཀྱི་བྱ་བར་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་སྟེ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་བླངས། བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྨན་རྫས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བཅོས་སྒྱུར་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་། བདེ་ཐང་དབུལ་སྐྱོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་མུ་མཐུད་སྐུལ་འདེད་དང་།  ས་གནས་ནད་རིགས་དང་འགོས་ནད་རིགས་ཀྱི་སྔོན་འགོག་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། སྨན་བཅོས་ཞབས་ཞུའི་ནུས་པ་མྱུར་དུ་མཐོར་འདེགས་བཏང་སྟེ། ཀྲུང་ལུགས་བོད་ལུགས་སྨན་རྫས་ཀྱི་ལས་དོན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུ་བྱ་བ་ལེགས་པོར་སྒྲུབ་པར་གཅིག་འདོམས་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི་གཙོ་གནད་བྱ་བས་གྲུབ་འབྲས་མངོན་གསལ་བླངས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  ཉིས་སྟོང་ཉེར་གསུམ་ལོར། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བྱ་བའི་བཀོད་སྒྲིག་དམིགས་སུ་བཟུང་སྟེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་དུས་རིམ་གསར་བའི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱས་ནས་མི་དམངས་ཀྱི་བདེ་ཐང་བསྲུང་བ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་ནས་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་དགོས། སྨན་རྫས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁེ་བཟང་གང་མང་བསྐྲུན་དགོས། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་འགོག་སྡོམ་ར་བ་བརྟན་པོར་བཟོ་དགོས། སྨན་བཅོས་སྤུས་ཚད་དོ་དམ་ཤུགས་དྲག་ཏུ་བཏང་ནས་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། བདེ་ཐང་དབུལ་སྐྱོར་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། འཕྲོད་བསྟེན་བདེ་ཐང་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་བ། ཀྲུང་ལུགས་བོད་ལུགས་སྨན་རྫས་ལས་དོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཞི་རིམ་མང་ཚོགས་ལ་ཕན་འདོགས་པ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུ་ཡག་པོར་སྒྲུབ་པར་གཅིག་འདོམས་བྱས་ནས་རྒྱལ་ཁབ་འཐབ་ཇུས་ལ་རོགས་ཤུགས་འདོན་པ་བཅས་བྱས་ཏེ། སྔར་ལས་འབྱོར་ཕྱུག་མཛེས་སྡུག་དང་དཔལ་ཡོན་འཆམ་མཐུན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བདེ་ཐང་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

                                                                                                        རིག་འཛིན་སྒྲོལ་མས་བསྒྱུར།