ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ལ་མཇལ་བཅར་བྱས།
2023.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རུ་ཁག་ཁྲིད་དེ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་། སློབ་གསོ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་བཅས་ལ་མཇལ་བཅར་བྱས་ནས། བྱ་བ་ཡར་ཞུ་བྱས་པ་དང་འབྲེལ་འདྲིས་འབྲེལ་མཐུད་བྱས་ལ། རྒྱབ་སྐྱོར་བརྩོན་ལེན་དང་མཉམ་ལས་ཟབ་སྤེལ་བྱས་པས། ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་བ་དང་ཕྱོགས་སོ་སོའི་ཐད་ནས་དངོས་གཉེར་གྲུབ་འབྲས་ཐོབ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲོང་རོང་ཝུན། སློབ་གསོ་པུའུ་ཡི་པུའུ་ཀྲང་ཧོད་ཅིན་ཕིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལིས་ཞོ་ཕིན། ཆུ་བེད་པུའུ་ཡི་པུའུ་ཀྲང་ལིས་གོ་དབྱིན། ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་རྐང་གཉེར་མགོ་གཙོ་ཅང་ཞུའུ་ཀོང་། སྤྱི་གཉེར་པ་ཝང་ཨན་ནན། དེ་མིན་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྲོས་མོལ་ལ་ཞུགས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། དེང་སྐབས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ཏེ། རྒྱུན་མཐུད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། མགྱོགས་མྱུར་སྒོས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔོན་ཆད་དང་འདྲ་བར་མཚོ་སྔོན་ལ་སེམས་ཁུར་བྱས་ཏེ། སྲིད་ཇུས་དང་ལས་གཞི། འཇོན་མི། མ་དངུལ་སོགས་ཕྱོགས་སུ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་དུ་ལག་ལེན་གསར་བ་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་ཆེན་པོ་འཇོག་པར་རོགས་འདེགས་བྱེད་དགོས།

ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གྱིས་མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད་རྒྱབ་སྐྱོར་བྱེད་པའི་རེ་ཞུའི་དོན་དག་དང་ལེན་བྱས། ཁོ་ཚོས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་སུ་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། བྱས་རྗེས་འཇོག་པའི་ནུས་པ་འབུར་ཐོན་ཡིན་པས། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་འཕེལ་རྒྱས་རེ་འདུན་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། ཤུགས་ཚད་ཆེ་ཞིང་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་པ་ཚེ་རིང་ཐར་དང་ཝང་ཏ་ནན། ཝང་ལིན་ཧུའུ། དབྱང་ཀྲི་ཝུན་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

བཀྲ་ཤིས་འབུམ་གྱིས་བསྒྱུར།