ལིས་ཞའོ་ནན་གྱིས་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུའི་སྟེང་གནད་དོན་ཁྲིད་ཕྱོགས་དང་ཕན་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གྲོས་གཞིའི་འདུས་ཚད་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།
2023.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ནས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དུས་རིམ་སྔོན་མའི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གྱིས་ཉན་རྗེས་ལིས་ཞའོ་ནན་གྱིས་བསྟན་དོན། ལས་ཁུངས་སོ་སོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་དགོས་ལ། ལས་འགན་གལ་ཆེན་དག་ལ་གཅིག་འདོམས་ཀྱིས་བཀོད་སྒྲིག་ཞིབ་ཚགས་བྱས་ནས་རང་རེའི་ཞིང་ཆེན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས། ཚང་མས་གནས་ཚུལ་ངོ་སྤྲོད་བྱས་པ་དེས་འདས་སོང་གི་བྱ་བར་སྤྱི་སྡོམ་བྱས་ཡོད་ལ། བྱ་བའི་གྲོས་གཞི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་རྐང་ཚུགས་ཡོད་པ། གྲ་སྒྲིག་ཚགས་སུ་ཆུད་པས་རྟོག་ཞིབ་ཚན་ཆུང་གི་ཁོངས་མིས་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱེད་པའི་སྤུས་ཚད་ལ་འགན་ལེན་བྱས།

ལིས་ཞའོ་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མ་གཞི་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཐོང་ཆེན་བླ་ལྷག་བྱེད་པ་དང་ཁུལ་ཁོངས་ནང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས། ཞིང་ཆེན་སྲིད་གྲོས་ཀྱིས་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ནས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ད་ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་གྲོས་མོལ་སྲིད་གླེང་གི་བསླབ་ཚན་དུ་བྱེད་རྒྱུ་དང་། ཞིང་ཆེན་གྱི་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་རམ་ཁུལ་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཐབས་ཇུས་སྣ་མང་འདོན་པ་དང་ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱོད་དགོས། སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་རྟོག་ཞིབ་ཁྲོད་ཞུགས་ནས་བསམ་འཆར་གྱི་འདུས་ཚད་མཐོར་འདེགས་གཏོང་དགོས། ཕྱོགས་སོ་སོས་གཞོགས་འདེགས་དང་མཐུན་སྦྱོར། མཉམ་ཤུགས་གྲུབ་པར་བྱས་ནས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

མི་ཕམ་མགོན་པོས་བསྒྱུར།