ཞི་ཅིན་ཕིང་གིས་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་།
2023.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 189

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་རུ་ཡོང་བའི་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱར་གྲོས་མོལ་གནང་།

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་རུ་ཡོང་བའི་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱར་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ལཱ་ཀྲུང་གོར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཏེ། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ནི་སའི་གོ་ལའི་ཕྱེད་ཤར་ནུབ་གཉིས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་ལ། ཕན་ཚུན་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་གལ་ཆེན་ཡིན་པའི་དབང་གིས། རྒྱལ་ཁབ་གཉིས་བར་ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན། ཀྲུང་གོ་དང་པ་ཞི་ཡི་འབྲེལ་བའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན། གོ་ལ་ཧྲིལ་པོར་ཐེབས་པའི་ཤུགས་རྐྱེན་བཅས་ཉིན་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས། པ་ཞི་རྒྱལ་ཁབ་བར་གྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱི་འབྲེལ་གྱི་དམིགས་བསལ་གོ་གནས་སུ་བརྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་གསར་པ་བཏོད་དེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་ནས། ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་དར་རྒྱས་གོང་འཕེལ་གྱི་ཆེད་དུ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་པ་ཞིའི་བར་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན་ལ། སང་ལོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་བསུ་མ་བྱེད་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། པ་ཞི་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་གོ་སྐབས་སྔར་ལས་གང་མང་བསྐྲུན་རྒྱུ་ཡིན། ཕྱོགས་གཉིས་ཀས་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དུ་བརྩི་བ། ཕན་ཚུན་རང་སོ་སོའི་འཕེལ་རྒྱས་ཀྱི་གནས་བབ་དང་འཚམ་པའི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་གཉིས་ཀས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ད་ཡོད་ཀྱི་མཉམ་ལས་ལས་གཞི་གལ་ཆེན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མཁའ་འགྲུལ་མཁའ་སྐྱོད། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། ལྗང་མདོག་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར། དག་གཙང་ནུས་རྒྱུ་སོགས་ཀྱི་མཉམ་ལས་ལ་འཚོལ་ཞིབ་དང་ཤུགས་སྣོན་བྱེད་དགོས། ཀྲུང་གོས་པ་ཞི་ཡི་སྤུས་ལེགས་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་པ་ཞི་ཡི“བཟོ་ལས་ཅན”གྱི་འཐབ་ཇུས་སྦྲེལ་མཐུད་ལ་འཚོལ་ཞིབ་ཧུར་ཐག་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་སང་ལོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བརྩིས་ཏེ། མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ལུའུ་ལཱ་ཡིས་པ་ཞི་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་དམ་ཟབ་བྱས་ནས། ཕྱོགས་གཉིས་ཀའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀར་རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོའི་ཐད་ཐུན་མོང་གི་ངོས་འཛིན་དང་ཐུན་མོང་གི་ཁེ་ཕན་ལྡན་པ་དང་། ཕྱོགས་གཉིས་ཀས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད། པ་ཞི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་སྤྱིའི་དངུལ་རྩ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཁོར་ཡུག་སྲུང་སྐྱོང་ཐད་ནས་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དྲང་གཞག་མིན་པའི་སྒྲིག་སྲོལ་གྱི་འཆིང་རྒྱ་ལས་ཐར་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་འབྱུང་འགྱུར་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་ང་ལ་ཡིད་ཆེས་ཡོད་ཅེས་བཤད།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ད་དུང་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། གྲོས་མོལ་གྱི་རྗེས་སུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཚོང་དོན་དངུལ་གཏོང་དང་གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད། ཆ་འཕྲིན་འཕྲིན་གཏོང་། དབུལ་པོ་ཉུང་གཏོང་། ནད་ཡམས་བརྟག་ཞིབ། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་སྤེལ།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ལུའུ་ལཱ་དང་ལྕམ་མོ་ལའོ་སང་རི་ལཱར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་དང་ཆིན་ཀང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།