ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དམིགས་འབེན་གཏན་འཁེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་པ། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་ཆེ་རུ་བསྐྱེད་པ། ཚན་རྩལ་གྱི་རང་སྟོབས་རང་སྤེལ་ནུས་པ་སྔར་ལས་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐོད་བརྒལ་གསར་པ་ཡོང་བར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་བདེ་གང་མང་བསྐྲུན་དགོས།

ཚོགས་ཐོག་ནས་མིག་སྔའི་ལས་ཞུགས་ཀྱི་གནས་བབ་དང་། ལས་ཞུགས་བརྟན་པོ་དང་ལེགས་སྒྲིག་གི་སྲིད་ཇུས་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་བའི་སྙན་ཞུར་ཉན། ཚོགས་ཐོག་ནས《ཚོང་སྤྱོད་གསང་ཨང་དོ་དམ་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། ཚོང་སྤྱོད་གསང་ཨང་སྤྱོད་ཚད་སྔར་ལས་ཇེ་མང་དུ་ཕྱིན་ནས། དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ལ་འགན་ལེན་བྱེད་པ་དང་། སྤྱི་དམངས་དང་ཁྲིམས་མིའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་དགོས་གལ་རང་བཞིན་ཉིན་བཞིན་མངོན་གསལ་ཅན་དུ་འཕེལ་བཞིན་ཡོད། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཚོང་སྤྱོད་གསང་ཨང་བཀོལ་སྤྱོད་དང་དོ་དམ་སྔར་ལསས་ཚད་ལྡན་ཅན་དུ་གཏོང་བ་དང་། ལས་སྟེགས་ཁེ་ལས་ཀྱིས་ཁྲིམས་ལྟར་སྤྱོད་མཁན་གྱི་གསང་ཨང་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས། མི་སྒེར་གྱི་གསང་བ་དང་ཚོང་ལས་ཀྱི་གསང་བ། སྲིད་གཞུང་གི་ཚོར་སྐྱེན་གཞི་གྲངས་བཅས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། གཞི་གྲངས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་དང་སྔར་ལས་འཚམ་པར་བྱས་ནས། ཚོང་སྤྱོད་གསང་ཨང་གི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚོང་སྤྱོད་གསང་ཨང་གི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དང་ཐོན་ལས་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། ཚོང་སྤྱོད་གསང་ཨང་གི་ཁྲོམ་ར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།