ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞིའི་ཙུང་ཐུང་ལུའུ་ལཱར་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་གསུང་རྒྱུར། ཀྲུང་གོ་དང་པ་ཞི་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འདྲ་མཉམ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་མུ་མཐུད་དུ་ལག་རྡང་སྦྲེལ་ཏེ་མདུན་དུ་བསྐྱོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྨང་གཞི་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་བར་སྟོང་རྒྱ་བསྐྱེད་པ། མི་ཆོས་བརྗེ་རེས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་ནས། ཀྲུང་གོ་དང་པ་ཞིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་པ་ཞིའི་རྒྱལ་ཚོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས་ཉམས་མྱོང་ལོངས་སུ་སྤྱད་དེ། ཀྲུང་གོ་དང་པ་ཞིའི་དངོས་གཉེར་མཉམ་ལས་ཐད་ལ་སྟོབས་ལྡན་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད། ཀྲའོ་ལི་ཅི་ཡིས་ད་དུང་ཀྲུང་གོའི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་དང་ལག་ལེན་མཚམས་སྦྱོར་མཛད།
ལུའུ་ལཱ་ཡིས་བཤད་རྒྱུར། པ་ཞི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། སྲིད་ཏང་དང་ཁྲིམས་འཛུགས་བརྗེ་རེས་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཞའོ་ཅེ་མཇལ་འཕྲད་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།