ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས།
ཝང་ལིས་མེན་གྱིས་བསྟན་དོན། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནི། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། རིགས་གཞུང་གིས་དྲག་ཆས་སྤྲས་ཤུགས་ཇེ་ཆེར་གཏོང་བ་དང་འཐབ་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བའི་ནང་ཁུལ་གྱི་རེ་བ་ཡིན་པ་དང་། དཀྱིལ་སྙིང་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པའི་དངོས་ཡོད་ཀྱི་རེ་བ་ཡང་ཡིན།
ཝང་ལིས་མེན་གྱིས་བསྟན་དོན། ཞིང་ཆེན་དམངས་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་དགོས། དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་ལས་འགན་རེ་བ་ཁོང་དུ་ཆུད་པར་བྱས་ཏེ། ཇུས་གཞི་དང་གཤིབ་བསྡུར་བྱེད་པ་དང་བྱ་བ་གཏན་འཁེལ་ཞིབ་མོ་བྱེད་པ། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་འགན་སྲུང་བྱེད་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་པ་དང་། རྩ་འཛུགས་ཞིབ་མོ་བྱེད་པར་མ་་ཟད་ཧུར་ཐག་སྒོས་སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་རྒྱས་པར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཕན་འབྲས་ཐོབ་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་བཟང་བོ་ཞུས་ཏེ། དཀའ་སྤྱད་འབད་འཐབ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་བྱས་རྗེས་འཇོག་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།