ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2023.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གཉིས་པ་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་པེ་ཅིང་ནས་བསྡུ་རྒྱུ་ཐག་བཅད།

ཨུ་ཡོན་ཀྲང་གྲོས་ཚོགས་ནས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ནི། མྱུལ་མར་ངོ་རྒོལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན། གེགས་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ་དང་དུས་རབས་གསར་བའི་ཕྱི་སྡོད་རང་མིའི་ལས་དོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་རྒྱུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲོས་ཞིབ་བྱེད་པར་སྤྲད་པའི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོའི་འཆར་ཟིན་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱེད་རྒྱུ། འབྲེལ་ཡོད་བསྐོ་འཐེན་གྲོས་གཞི་ལ་གྲོས་ཞིབ་བྱེད་རྒྱུ་སོགས་ཡིན་པའི་གྲོས་གཞི་བཏོན།

ཨུ་ཡོན་ཀྲང་གྲོས་ཚོགས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་གནད་ས་དང་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་བྱ་བའི་འཆར་འགོད་དང་། སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་ཁག་བགར་བའི་གྲོས་ཚོགས་དང་ཚན་ཁག་བགར་བའི་བྱེད་ཐབས། དེ་མིན་རྩ་འཛུགས་མི་སྣའི་མིང་ཐོ། བཟོ་བཅོས་བྱས་རྗེས་ཀྱི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲོས་དོན་སྒྲིག་སྲོལ་དང་དྲུང་ཡིག་ཆེན་མོའི་གཞུང་སྒྲུབ་གྲོས་ཚོགས་ཀྱི་གྲོས་དོན་སྒྲིག་སྲོལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་དོན་བསྐོ་འཐེན་བྱེད་ཐབས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བྱ་བའི་གོ་རིམ། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཁོངས་མིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་འབྲེལ་ཡོད་གྲོས་དོན་སོགས་ཡར་ཞུ་བྱས།

                                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།