ཧན་ཀྲིན་གྱིས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།
2023.04.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་པེ་ཨར་པའོ་ཁི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན།  ན་ནིང་གི་ཟླ་བཅུ་གཅིག་པའི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲིར་ཡོང་བའི་ཙུང་ལི་ཧྲོ་ཨར་ཚི་དང་མཉམ་དུ་དགོངས་འཆར་བརྗེ་རེས་ཟབ་མོ་བྱས་པ་དང་། ཀྲུང་གོ་དང་འཇར་མན་གྱི་མ་འོངས་པའི་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱས། འཇར་མན་རྒྱལ་ཁབ་ལོ་ལྔ་བཅུ་ལྷག་རིང་ཀྲུང་གོའི་ཡོ་རོབ་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་ཞིང་། མཉམ་ལས་བར་སྟོང་རྒྱ་ཆེ། ཀྲུང་གོ་དང་འཇར་མན་གཉིས་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད་པས། གླེང་མོལ་ཟབ་མོ་དང་འགལ་ཟླ་ཐག་གཅོད་ཡག་པོ་བྱེད་པ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས། ཀྲུང་གོས་ཚོང་རར་ཞུགས་ཚད་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། འཇར་མན་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གསར་བ་ལས་ཐོན་པའི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།

པེ་ཨར་པའོ་ཁི་ཡིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་སྣའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

                                                                                                       རིག་འཛིན་སྒྲོལ་མས་བསྒྱུར།