ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་པའི་འགྲེམས་ཚོགས་སྐབས་གསུམ་པ་གྲོལ།
2023.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་བཤམས་སྟོན་སྐབས་གསུམ་པ་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཧའེ་ནན་མཚོ་ཁུགས་སུ་གྲོལ། ཐེངས་འདིའི་འགྲེམས་ཚོགས་ཀྱི་འགྲེམས་ཁང་རྒྱ་ཁྱོན་དང་འགྲེམས་ཞུགས་ཚོང་པ། ཉོ་སྒྲུབ་ཚོང་པའི་གྲངས་འབོར་སོགས་ལྟེ་བའི་དམིགས་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད།

དུས་ཡུན་ཉིན་དྲུག་རིང་གི་དངོས་མང་བཤམས་སྟོན་ཁྲོད་ཞུགས་མཁན་མི་འབུམ་གསུམ་དང་ཁྲི་གཉིས་ལས་བརྒལ་ཡོད་ཅིང་། དེའི་ནང་ཉོ་སྒྲུབ་ཚོང་པ་དང་ཆེད་ལས་སྣ་ཚོགས་ཀྱི་ལྟད་མོ་བ་ཁྲི་ལྔ་ལྷག་ཙམ་ཡོད་ལ། ཡོ་རོབ་དང་ཨ་མེ་རི་ཁ། ཨེ་ཤེ་ཡ་ཤར་ལྷོ། འཇར་པན། ཧན་གོ་བཅས་ནས་ཡོང་བའི་རྒྱལ་ཁབ་དང་ས་ཁུལ་སོ་ལྔ་ཡི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་དངོས་སུ་ཚོང་གཏམ་གྲོས་མོལ་བྱེད་པར་ཡོང་ཡོད།

འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་རེ་ལྔ་ཡིས་འཛད་སྤྱོད་སྤུས་དག་དངོས་པོ་སྟོང་བཞི་ལྷག་ཙམ་འཁྱེར་ནས་ཡོང་ཡོད་ཅིང་། འགྲེམསས་ཚོགས་ནང་ཞུགས་པའི་མིང་གྲགས་ཐོན་རྫས་ཀྱི་གྲངས་འབོར་སྐབས་གཉིས་པ་ལས་བརྒྱ་ཆའི་བཅུ་དགུ་ཡིས་ཇེ་མང་དུ་ཕྱིན་ཡོད་ལ། ཁེ་ལས་མི་ཉུང་བ་ཞིག་གིས་ཀྲུང་གོའི་ཁྲོམ་རར་ཆེད་དུ་དམིགས་ཏེ་བཟོས་པའི་ཐོན་རྫས་གསར་པ་འཁྱེར་ཡོང་ཡོད།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འགྲེམས་ཚོགས་ཀྱིས་རྩེར་སོན་འཛད་སྤྱོད་དངོས་རྫས་འཁྱེར་ཡོང་ཡོད་པར་མ་ཟད། ད་དུང་རྣམ་པ་ཅན་དང་སྤྲོ་སྣང་ཅན་གྱི་འཛད་སྤྱོད་ཉམས་ལེན་གྱི་བར་ཁྱམས་བསྐྲུན་ཏེ། མིག་སྔར་སྒོར་ཐེར་ཆེན་བཞི་ལྷག་གི་ཚོང་རྟགས་བརྒྱབ་ཚར།

བན་དེ་སྐྱབས་ཀྱིས་བསྒྱུར།