ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་བརྒྱད་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ངང་བསྐྲུན་ནས་མ་འོངས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་དགོས་ཞེས་པ་སྤེལ།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་ཁྱོན་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་ཞུགས་བཞིན་ཡོད་ཅིང་། གཞི་ཁྱོན་འདི་ནི་ད་ཡོད་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་གྲངས་སྤྱིའི་བསྡོམས་འབོར་ལས་བརྒལ་ཡོད། ལས་དོན་འདིའི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པའི་དབང་གིས། ངེས་པར་དུ་འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། རང་རྒྱལ་ནི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དཔལ་འབྱོར་དངོས་ཕུང་ཞིག་ཡིན་ཞིང་། གཞི་ཁྱོན་ཤིན་ཏུ་ཆེ་བའི་དཔལ་འབྱོར་དངོས་ཕུང་གིས་ནང་ཁུལ་དུ་འཁོར་རྒྱུག་བྱས་ཆོག་ལ་ངེས་པར་དུ་ནང་ཁུལ་དུ་འཁོར་རྒྱུག་བྱེད་དགོས་པ་ཞིག་ཀྱང་ཡིན། དོན་དངོས་ཀྱི་སྟེང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ངང་བསྐྲུན་རྒྱུ་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་རྨང་རྟེན་དུ་བཟུང་ནས་བཏོན་པའི་འཐབ་ཇུས་ཇུས་ཆོད་ཤིག་ཡིན་ལ། མ་འོངས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ངང་བསྐྲུན་པ་ཡིན་ན། གཞི་ནས་རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྟེན་ཇེ་བརྟན་དུ་གཏོང་ཐུབ་ཅིང་འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་ཐུབ་ལ། སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་མི་ཐུབ་པའི་འགལ་རྐྱེན་ཅི་རིགས་ཀྱི་ཁྲོད་ནས་རང་རྒྱལ་ཀྱི་འཚོ་གནས་ཀྱི་སྟོབས་ཤུགས་དང་འགྲན་རྩོད་ཀྱི་སྟོབས་ཤུགས། འཕེལ་རྒྱས་ཀྱི་སྟོབས་ཤུགས། རྒྱུན་མཐུད་ཀྱི་ནུས་པ་བཅས་སྔར་ལས་ཇེ་དྲག་ཏུ་འཕེལ་ཐུབ་པར་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་མུ་ནས་མུར་རྒྱུན་བསྲིངས་ཐུབ་པར་གྱུར་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་ཡིན།
རྩོམ་ཡིག་ལས་བསྟན་དོན། ལོ་གཉིས་ལྷག་གི་རིང་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན། གྲུབ་འབྲས་དུ་མ་ཐོབ་པ་དང་བསམ་བློའི་ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་གཅིག་ཏུ་བསྒྲིལ་བ། ལས་ཀའི་རྨང་གཞི་ཟམ་མི་ཆད་པར་ཇེ་བརྟན་དུ་ཕྱིན་པ། སྲིད་ཇུས་དང་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་ཡོད་ནའང་ད་དུང་མངོན་གསལ་ཅན་གྱི་གནད་དོན་དུ་མ་གནས་ཡོད། ཁྱོན་ཡོངས་ནས་བལྟས་ན། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན་གང་མགྱོགས་གཏོང་བར་ཚད་གཞི་གཉིས་ཀྱི་སྟེང་ནས་ནས་ཞིབ་འཇུག་དང་བཀོད་སྒྲིག་བྱེད་དགོས་པ་སྟེ། གཅིག་ནས་དམིགས་ས་ཡོད་པའི་སྒོ་ནས་རང་རྒྱལ་གྱི་ཐོན་ལས་ཕྲེང་འབྲེལ་གྱི་ཞན་ཆ་གང་མགྱོགས་ངང་གསབ་ནས། རྒྱལ་དམངས་དཔལ་འབྱོར་གེགས་མེད་འཁོར་རྒྱུག་ཐུབ་པར་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ནང་གནས་སྒུལ་ཤུགས་དང་བློ་གཏད་ཆོག་པའི་རང་བཞིན་སྔར་ལས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་འཁོར་སྐྱོད་ལ་འགུག་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་དང་མ་ལག་ཆ་ཚང་བའི་འདུ་ཤེས་ངེས་པར་དུ་རྒྱུན་འཁྱོངས་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་རྒྱུར་ཚོད་འཛིན་བཟོ་བའི་འགལ་བ་གཙོ་བོ་དང་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ལེགས་ཆ་རྒྱུན་ཆད་མེད་པར་འཕེལ་བར་བྱེད་པ་དང་ཞན་ཆ་དུས་ལྟར་གསབ་པ། ལས་གཞི་ཆེ་ཆུང་ཟམ་མི་ཆད་པར་བསྐྲུན་པ་བཅས་བྱེད་དགོས། གཅིག་ནས་ནང་མཁོ་རྒྱ་སྐྱེད་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བར་སྔར་ལས་ལྷག་པའི་སྒོ་ནས་གཅིག་གྱུར་ངང་བཀོད་སྒྲིག་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོའི་སྒུལ་ཤུགས་དང་ཡིད་རྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། འདོན་སྤྲོད་ཕྱོགས་གཉིས་ཀས་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། དགོས་མཁོས་འདོན་སྤྲོད་ལ་སྣེ་འདོམས་བྱེད་པ་དང་འདོན་སྤྲོད་ཀྱིས་དགོས་མཁོར་ཆུ་ཚད་མཐོ་བའི་འགུལ་རྣམ་དོ་སྙོམས་བསྐྲུན་པ་བཅས་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ལེགས་པོ་ཡོང་བར་བྱེད་དགོས། གཉིས་ནས་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཕྱི་རྒྱལ་གྱི“སྐེ་བཙིར་བའི”གནད་དོན་ཐག་གཅོད་བྱེད་དགོས། གསུམ་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་སྐྲུན་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཐོན་ལས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། བཞི་ནས་གྲོངང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ཁྱབ་ཁྱོན་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་བ་ཡིན་ན། གཞི་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་བར་སྟོང་སྔར་ལས་ཇེ་ཆེར་འགྲོ་ངེས་ཡིན། ལྔ་ནས་བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་དུ་ སྤེལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོའི་སྒུལ་ཤུགས་དང་གསོན་ཤུགས་རྒྱས་པར་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།