རང་ཞིང་གིས་ཞིང་ཆེན་རིམ་པའི་སྔོན་རྩིས་ནང་ཁུལ་གྱི་ལས་གཞིའི་ཆ་སྡེབས་མ་དངུལ་སྒོར་བྱེ་བ་བདུན་བཏང་ནས་རྨ་ཆུའི་ཆེད་དོན་ལས་གཞིའི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་རྒྱུ་རེད།
2023.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རང་ཞིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ནང་ཁུལ་གྱི་ལས་གཞིའི་ཐད་བཀོལ་པའི་མ་དངུལ་སྒོར་བྱེ་བ་བདུན་བཏང་སྟེ། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་མཁར་གྲོང་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་དང་སྡོད་དམངས་ཀྱི་འཚོ་བའི་འཐུང་ཆུ་སྒྱུར་བཀོད། རྨ་ཆུའི་བཞུར་རྒྱུན་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོ་སོགས་ལས་གཞི་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱས་ནས། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱས་ཏེ་སྔ་མོ་ནས་ཕན་འབྲས་ཐོབ་པར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དངུལ་གཏོང་འཆར་གཞི་དེ་ཞིང་ཆེན་ཡོངས་ཀྱི་ལས་གཞི་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱེད་སྐབས་བཀོད་སྒྲིག་བྱས་པ་རེད། བཀོད་གཏོང་བྱས་པ་བརྒྱུད་དེ་དུས་ཐོག་ཏུ་ས་གནས་སོ་སོའི་ལས་གཞི་ལག་བསྟར་བྱས་ཚད་ལ་རྒྱུས་ལོན་ཟབ་མོ་བྱས་ནས། ཞིང་ཆེན་རིམ་པའི་སྔོན་རྩིས་ནང་ཁུལ་གྱི་ལས་གཞིའི་ཆ་ཚང་མ་དངུལ་དངོས་འབེབས་བྱེད་རྒྱུ་རེད། གོ་རིམ་རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་སྒོས་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་མགྱོགས་མྱུར་སྒོས་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུ། རྩྭ་ས་དང་བྱེ་མ་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཁོངས་གཏོགས་བཅོས་སྐྱོང་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ནས། རི་སྔོ་ཆུ་དྭངས་ཀྱི་རྣམ་པ་སྔར་ལས་ལེགས་སྒྱུར་བྱེད་རྒྱུ་རེད། རྨ་ཆུའི་ཆེད་དོན་ལས་གཞིའི་མགོ་མཇུག་བར་གསུམ་གྱི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་། ལས་གཞིའི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་མཉམ་དུ་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་ནས། རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་བཟང་བོ་ཞུ་ངེས་རེད།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།