ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་སོ་གསུམ་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་འཚོགས་མགོ་བརྩམས།
2023.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་སོ་གསུམ་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་འཚོགས་མགོ་བརྩམས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་འཛིན་གྲྭ་འཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་སྐུལ་སློང་གཏམ་བཤད་སྤེལ།

དབྱང་ཧྥིན་ཁྲུན་གྱིས་བསྟན་དོན། ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་མཐོའི་ཆབ་སྲིད་རྩ་དོན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་གཤིབ་སྡུར་བྱེད་པ་དང་། མཐོང་རྒྱ་ཡངས་པར་བྱས་ཏེ་དམངས་ཆེན་ལས་དོན་གྱི་ཡུན་རིང་འཕེལ་རྒྱས་ལ་འཆར་འགོད་བྱས་ནས། དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་སྲུང་བྱེད་དགོས། དམངས་ཆེན་བྱ་བའི་ངེས་གནས་དང་ཁྱད་ཆོས་ལ་རྐང་བཙུགས་ཏེ། རྩ་ཁྲིམས་དང་ཁྲིམས་འཛུགས་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་སྲོལ་དང་དམངས་ཆེན་བྱ་བའི་བྱེད་སྒོའི་ཤེས་བྱ་ནན་ཏན་སྒོས་སྦྱོང་བ་དང་། ཤེས་བྱའི་སྒྲིག་གཞི་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བ། འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་ཆེན་པོ་བྱེད་དགོས། གསར་སྐྲུན་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་བྱ་བའི་ཁྲོད་དུ་གནས་པའི་གནད་དོན་གསར་བར་ཞིབ་འཇུག་ནན་མོ་བྱེད་པ་དང་། ཧུར་ཐག་སྒོས་ཕན་ཡོད་འཚོལ་ཞིབ་བྱེད་པ་དང་སྤོབས་པ་ཆེན་པོས་ཚོད་ལྟ་བྱས་ནས། དམངས་ཆེན་བྱ་བ་དེ་དུས་དང་རྣམ་པ་ཀུན་ཏུ་དུས་རབས་དང་མཐུན་སྦྱོར་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་མ་ཟད་དམངས་ཆེན་བྱ་བའི་ནུས་པ་དང་གོ་གནས་མངོན་པར་བྱེད་པ་དང་། དཀའ་སྤྱད་འབད་འཐབ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་དམངས་ཆེན་གྱིས་བྱས་རྗེས་འཇོག་དགོས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་བཅོ་ལྔ་ཡིན་པ་དང་། དེའི་དམིགས་ཡུལ་ནི་གསོ་སྦྱོང་བྱས་པ་བརྒྱུད་དེ་གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་དུས་རབས་གསར་བའི་དམངས་ཆེན་བྱ་བའི་གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བ་ཁོང་དུ་ཆུད་པར་ཁྲིད་སྟོན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལས་བྱེད་པས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ནས། དམངས་ཆེན་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

                                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།