ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་དང་། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་ཚོགས་ཆེན་སྐབས་བཞི་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་མཇུག་སྒྲིལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་མཛད་སྒོར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་གིས་ཚོགས་ཆེན་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་འཐུས་ཚབ་ཚོགས་པ་སོ་སོས་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ཁྱད་དུ་བསལ་ནས། རུ་ཁག་བདུན་བརྒྱ་དང་བཅུ་གཅིག་དང་། ལུས་རྩལ་པ་ཁྲི་གཅིག་དང་སྟོང་གསུམ་བཞི་བརྒྱ་སོ་བརྒྱད་ལ་འགན་སྲུང་ཞབས་ཞུ་གང་ལེགས་བསྒྲུབས་ཏེ། རྣམ་གྲངས་དོན་དགུ་དང་རྣམ་གྲངས་ཆུང་བ་སྟོང་གཅིག་དང་བརྒྱ་དང་ཉེར་དགུ། འགྲན་སྡུར་ཐེངས་དྲུག་བརྒྱ་དང་གཉིས་བཅས་བདེ་བླག་ངང་ཡོངས་འགྲུབ་བྱས། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། སྐབས་བཅོ་བརྒྱད་པའི་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ནས་བསྡོམས་པས་ཨང་དང་པོ་བཞི་བརྒྱ་དང་རེ་བཞི་བྱུང་བ་དང་། མི་བཅུ་གསུམ་གྱིས་རྣམ་གྲངས་དྲུག་གི་ཞིང་ཆེན་རིམ་པའི་ཟིན་ཐོ་བསྐྲུན་ཡོད་ལ། མི་དགུ་ཡིས་རྣམ་གྲངས་ཉི་ཤུའི་ཞིང་ཆེན་རིམ་པའི་ཟིན་ཐོ་གསར་བ་བསྐྲུན་ནས། སྔར་ལས་མཐོ་བ་དང་། སྔར་ལས་མགྱོགས་པ། སྔར་ལས་མཐུན་སྒྲིལ་ཡིན་པའི་ལུས་རྩལ་འགྲན་སྡུར་གྱི་སྙིང་སྟོབས་དེ་མཚོ་སྔོན་གྱི་ས་ཆེན་སྟེང་རྣམ་པར་བཞད་དུ་བཅུག་ཡོད།
དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་གྱི་ཚོགས་ཆེན་གར་སྟེགས་སྟེང་བསྡོམས་པས་བྱ་དགའ་ཨང་རིམ་དང་པོ་བརྒྱ་དང་བཅུ་བདུན་དང་། ཨང་དང་པོ་བརྒྱ་དང་དོན་གཅིག་བྱུང་། སྤྲོ་དགའ་དང་བརྩེ་སེམས་ཀྱིས་ངས་སྦྱོང་བརྡར་བྱེད། ང་བདེ་ཐང་ཡིན། ང་སྤྲོ་སྐྱིད་ལྡན་ཅེས་པ་བརྒྱུད་སྒྲོག་བྱས་ནས། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་མཛའ་མཐུན་དང་འབད་འཐབ་ཡར་བརྩོན་གྱི་བསམ་པའི་རྣམ་པ་མངོན་པར་མཚོན་ཡོད།
སྐབས་འདིའི་འགྲན་སྡུར་སྟེང་། རྩལ་འགྲན་ལུས་རྩལ་དང་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་མཉམ་དུ་སྤེལ། འཐུས་ཚབ་ཚོགས་པ་སོ་བདུན་དང་འཐུས་ཚབ་རུ་ཁག་གོ་དྲུག ལུས་རྩལ་པ་བདུན་བརྒྱ་དང་ང་གསུམ། ཤན་འབྱེད་པ་བརྒྱ་དང་ཞེ་གཅིག་བཅས་ལ་ལུས་རྩལ་ཀུན་སྤྱོད་བླ་མེད་ཀྱི་བྱ་དགའ་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད་ལ། བསམ་པའི་དཔལ་ཡོན་དང་ལུས་རྩལ་གྲུབ་འབྲས་གཉིས་ཕན་གྱི་རྣམ་པ་བཟང་བོ་བྱུང་ཡོད།
མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའི་ཨང་རིམ་དང་ཕུལ་བྱུང་འགྲན་ཁུལ། ཕུལ་བྱུང་འགྲན་སྡུར་རྩ་འཛུགས་བྱ་དགའ། ལུས་རྩལ་ཀུན་སྤྱོད་བླ་མེད་བྱ་དགའི་མིང་ཐོ་སྒྲོག་འདོན་བྱས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་བརྒྱུད་སྤྲོད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།