ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པས་ཅང་སུའུ་ཞིང་ཆེན་ལ་གཟིགས་ཞིབ་བྱས་ཏེ། ཅང་སུའུ་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཅང་སུའུ་ཡི་ལག་ལེན་གསར་བ་ཕྱོགས་ཡོངས་ནས་སྤེལ་བའི་སྔོན་ཐོན་འདུ་ཤེས་དང་གསར་སྐྲུན་ཉམས་མྱོང་ལ་ཡུལ་དངོས་ནས་སློབ་སྦྱོང་བྱས་པ་དང་། མགོ་ཚུགས་ས་གསར་བའི་སྟེང་ཞིང་ཆེན་གཉིས་བར་གྱི་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས་ཐད་ནས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པ་དང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།
ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཅང་སུའུ་དང་མཚོ་སྔོན་གྱི་བཞུགས་མོལ་ཚོགས་འདུ་ནན་ཅིན་ནས་འཚོགས། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞུའུ་ཁུན་ལིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། ཤར་ནུབ་རྒྱུད་རོགས་ལས་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ཏེ་རོགས་སྐྱོར་རོགས་ལས་རྒྱ་བསྐྱེད་པའི་སྤྱིའི་གྲོས་མཐུན་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་གྱི་ཐཱན་མེད་ཐོན་ལས་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པར་མཉམ་དུ་རྒྱབ་སྐྱོར་བྱེད་པའི་སྤྱིའི་གྲོས་མཐུན། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ནས་ཅང་སུའུ་བར་གྱི་མཐོ་གནོན་གློག་འདྲེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་སྤྱིའི་མཉམ་ལས་གྲོས་མཐུན་བཅས་བཀོད།
བཞུགས་མོལ་ཚོགས་འདུའི་སྟེང་། ཞིན་ཁྲང་ཞིང་གིས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཡོང་བར་དགའ་བསུ་ཞུས་ཤིང་། མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཅང་སུའུ་ཡི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཅང་སུའུ་ཡི་ལས་བྱེད་པར་ཐུགས་ཁུར་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་མཐོ་སྒང་ཡངས་ཤིང་རྒྱ་ཆེ་ལ། རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་། ལོ་རྒྱུས་རིང་ཞིང་འོད་སྟོང་འབར་བའི་རིག་གནས་ལྡན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཕྱོགས་སུ་བསྐྱོད་པ་དང་། གོམ་གང་མདུན་སྤོས་དང་ཏན་ཏན་ཏིག་ཏིག་སྒོས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་ཤིང་། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་བར་བསྐྱོད་པས། མཚོ་སྔོན་གྱི་མ་འོངས་པ་ཅིས་ཀྱང་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་སྲིད། ཅང་སུའུ་དང་མཚོ་སྔོན་ནི་གཅིག་འདྲ་ཡིན་པ་དང་། ཞིང་ཆེན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་དུ་བླངས་པ་དང་དཀའ་སྤྱད་འབད་འཐབ་སྒོས་སྐྱོད་ལམ་གསར་བར་བསྐྱོད་པའི་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་ཡོད། དེང་སྐབས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཤིང་དྲིན་ཚོར་འབད་འཐབ། མདུན་གྲས་སུ་བསྐྱོད་པ་བཅས་དུས་དང་རྣམ་པ་ཀུན་ཏུ་མཉམ་བསྲེས་བྱེད་པ་དང་། དངོས་སློབ་དངོས་བཀོལ་དང་དམ་འཛིན་དངོས་སྒྲུབ་བྱས་ནས། ཧུར་ཐག་སྒོས་ཚད་ལྡན་གྱི་རྒྱུགས་ཤོག་གསར་བ་ཞིག་སྤྲོད་དགོས། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་འབྲེལ་འདྲིས་དང་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་། མཚོ་སྔོན་ལ་རོགས་སྐྱོར་དང་རོགས་ལས་བྱེད་པ་དང་ཞིང་ཆེན་གཉིས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཅང་སུའུ་ལ་གནང་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ། ཅང་སུའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མུ་མཐུད་དུ་ཀུན་གྱི་མདུན་གྲས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་དངོས་ཡོད་དགོས་མཁོ་ཡིན་པ་དང་། རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་ཞབས་འདེགས་ཞུ་བའི་ལས་འགན་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཤར་ནུབ་རྒྱུད་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པའི་འགན་འཁྲི་ཡིན། སྐྱོད་ལམ་གསར་བར་སྐྱོད་སྐབས། ང་ཚོས་མཚོ་སྔོན་དང་མཉམ་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་ལེགས་བཅོས་ཐད་ནས་ཕན་འབྲས་གསར་བ་ཐོབ་པར་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཅིག་སྡུད་བྱས་ཏེ། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བརྒལ་གཏོར་གསར་བ་མངོན་གྱུར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པར་རྐང་བཙུགས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བྱ་སྤྱོད་བཟང་བོ་མངོན་པར་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། འགྲོ་འོང་དང་བརྗེ་རེས། མཉམ་བསྲེས་ཐད་ནས་གོམ་སྟབས་གསར་བ་སྤོ་བ་དང་། ཞིང་ཆེན་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་སྔར་ལས་བཟང་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཅང་སུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིག་དཔེ་བརྩོན་ལེན་དང་དཔེ་བཟང་བརྩོན་ལེན། མདུན་གྲལ་དུ་བསྐྱོད་པ་བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། སྟོབས་ལྡན་དང་འབྱོར་ཕྱུག མཛེས་སྡུག སྤུས་མཐོ་བཅས་ཀྱི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བར་མ་ཟད། སྤུས་ཚད་མཐོ་ཞིང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ་བྱ་བ་སོ་སོར་གོམ་སྟབས་གསར་པ་སྤོས་པ་དང་གྲུབ་འབྲས་གསར་བ་བླངས་ཤིང་། རྣམ་པ་གསར་པ་བསྐྲུན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས། གསལ་སྟོན་བྱས་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཐབས་ལམ་ལ་དམིགས་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་བྲིས། ལོ་བཅུ་གསུམ་གྱི་རིང་ལ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་ཀྱིས་ཅང་སུའུ་དང་མཚོ་སྔོན་གཞི་གཅིག་ཏུ་སྦྲེལ། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པ་དང་། མ་དངུལ་འབོར་ཆེན་བཏང་ཞིང་ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་བྱས་ཏེ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་གོ་སྐབས་གསར་པ་བསྐྲུན་པ་དང་དགེ་མཚན་གསར་པ་སྐྱེད་སྲིང་བྱས་ལ། སྒུལ་ཤུགས་གསར་པ་བསྐྱེད་ནས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོལ་ཁོལ་མྱངས་སུ་བཅུག་པ་དང་། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཅང་སུའུ་མི་དམངས་བྱེ་བ་བརྒྱད་དང་ས་ཡ་ལྔའི་མཛའ་བརྩེ་ཟབ་མོ་ཚོར་དུ་བཅུག དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཞུགས་རྗེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་འཆར་གཞི་བཀོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བླ་གལ་ཆེན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བཟང་བོ་བྱེད་པའི་ཐུན་མོང་གི་འགན་འཁྲི་ཁུར་དུ་བླངས་ཡོད་ལ། ཅང་སུའུ་དང་མཚོ་སྔོན་གྱི་མཉམ་ལས་བརྗེ་རེས་ལ་ཡང་གོ་སྐབས་གསར་པ་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་ལས་གྲོས་མཐུན་བཀོད་པ་དེ་མགོ་རྩོམ་ས་གསར་པར་བརྩིས་ཏེ་ཐོན་ལས་དང་སློབ་གསོ། སྨན་བཅོས། འཇོན་མི་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས་ལ་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས།
ཅང་སུའུ་རུ་ཡོད་པའི་སྐབས་སུ། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྥེ་ཉི་ཁུ་སི་ཚད་ཡོད་ཀུང་ཟི་དང་པིས་ཡ་ཏིས་རླངས་འཁོར་ཚད་ཡོད་ཀུང་ཟི། ཐེན་ཧི་ཉི་འོད་ནུས་པའི་མ་རྐང་ཚད་ཡོད་ཀུང་ཟི་སོགས་སུ་ལྟ་ཞིབ་བྱས།
ཅང་སུའུ་ཞིང་ཆེན་དང་གྲོང་ཁྱེར་གྱི་འགོ་ཁྲིད་པ་ཧན་ལིས་མེན་དང་ཁྲུའུ་ཡུང་ཧུང་། ཞ་ཞིན་མེན། ཁྲིན་ཀྲི་ཁྲང་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁུ་རེ་སུའུ་ལིས་ཧན། ལིའུ་ཁྲའོ་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བཀྲ་ཤིས་འབུམ་དང་ལྷ་མོ་ཚེ་རིང་གིས་བསྒྱུར།