དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་འཇིགས་སྐུལ་ངོ་རྒོལ་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཀྲེ་ཅང་ནས་སྤེལ།
2023.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

བདེ་འཇགས་མཉམ་སྐྲུན་དང་འཇིགས་སྐུལ་ངོ་རྒོལ་བྱེད་པར་ང་ཡོད་ཅེས་པའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་འཇིགས་སྐུལ་ངོ་རྒོལ་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཀྲེ་ཅང་ཞན་ཅུའུ་ནས་སྤེལ།

འཇིགས་སྐུལ་ངོ་རྒོལ་གྱི་གྲུབ་འབྲས་དང་སྒྲིག་ཆས་ཀྱི་འགྲེམ་སྟོན། མི་བསྡད་མེད་པའི་གནམ་གྲུའི་དཔེ་སྟོན། ཉེན་རྟོག་སྤྱང་ཁྱིའི་སྦྱོང་བརྡར། འཕྲལ་སྒྲུབ་རྒུད་སྐྱོབ་ཀྱི་རྩལ་ནུས་གསོ་སྦྱོང་། འཇིགས་སྐུལ་ངོ་རྒོལ་གྱི་བརྗོད་དོན་རིག་རྩལ་ལེ་ཚན་གྱི་འཁྲབ་སྟོན་སོགས་འཇིགས་སྐུལ་ངོ་རྒོལ་གྱི་དྲིལ་སྒྲོག་སློབ་གསོའི་རྣམ་གྲངས་སོ་སོས་ལྟད་མོ་བ་སོ་སོའི་བློ་མིག་འཕྲོག་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ནི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པ་ཡིན་ལ། བདེ་འཇགས་མཉམ་སྐྲུན་དང་འཇིགས་སྐུལ་ངོ་རྒོལ་བྱེད་པར་ང་ཡོད་ཅེས་པ་བརྗོད་སྙིང་དུ་བྱས་ཡོད་ཅིང་། དམིགས་ཡུལ་ནི་ཟོལ་མེད་ཀྱིས་དམངས་ཡོངས་ཀྱི་འཇིགས་སྐུལ་ཤེས་པ་དང་འཇིགས་སྐུལ་འགོག་སྲུང་། འཇིགས་སྐུལ་ངོ་རྒོལ་སོགས་ཀྱི་འདུ་ཤེས་དང་ནུས་པ་མཐོར་འདེགས་བྱེད་ཆེད་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་སོ་སོས་མ་འོངས་པར་ས་གནས་རང་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། འཇིགས་སྐུལ་ངོ་རྒོལ་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ས་ཁུལ་སོ་སོའི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་ལ་མཛུབ་སྟོན་དང་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་མཉམ་འབྲེལ་བྱས་ནས་ལས་རིགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པའི་རེ་བ་གཞིར་བཟུང་སྟེ། དྲ་ཐོག་དང་སྐུད་ལམ་ཕྱོགས་གཉིས་མཉམ་འབྲེལ་བྱེད་པའི་རྣམ་པ་སྤྱད་ནས། འཇིགས་སྐུལ་ངོ་རྒོལ་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་རྒྱ་ཆེར་སྤེལ་བ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་འཇིགས་སྐུལ་ངོ་རྒོལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་ཀྱི་སྒྲོག་འགྲེལ་ལ་ཤུགས་སྣོན་བྱེད་པ། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་སྔོན་འགོག་དང་བཀོད་སྒྲིག རང་སྐྱོབ་ཤེས་བྱ་བཅས་ཁྱབ་གདལ་དུ་གཏོང་བ། སྤྱི་དམངས་ཀྱི་བདེ་འཇགས་དོགས་ཟོན་འདུ་ཤེས་དང་རང་སྐྱོབ་ནུས་པ་ཇེ་དྲག་ཏུ་བཏང་སྟེ། སྤྱི་བའི་འཇིགས་སྐུལ་ངོ་རྒོལ་གྱི་འདུ་ཤེས་མཐོར་འདེགས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།