ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ལིས་ཧྲང་ཧྥུའུ་ལ་ཐུག་འཕྲད་བྱས།
2023.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་མའོ་སི་ཁོ་ནས་ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་མཁན་ལིས་ཧྲང་ཧྥུའུ་ལ་ཐུག་འཕྲད་བྱས།

ཕུའུ་ཅིན་གྱིས་ལིས་ཧྲང་ཧྥུའུ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་སྒྲོག་བྱས། ཁོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་མ་འགོར་བའི་སྔོན་ཨུ་རུ་སི་རུ་འཚམས་འདྲི་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་དུས་རབས་གསར་བའི་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་བྱས་ནས། དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་ཡིད་འཐད་བྱུང་ཡོད། ཨུ་རུ་སི་དང་ཀྲུང་གོའི་དམག་དོན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཉམ་འབྲེལ་སྦྱོང་བརྡར་དང་ཆེད་ལས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཡིད་ཆེས་ཇེ་ཟབ་ཏུ་གཏོང་དགོས་ཟེར།

ལིས་ཧྲང་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་བཞིན་པ་བརྒྱུད་སྒྲོག་བྱས། ལིས་ཧྲང་ཧྥུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་བསྟན་ཡོད་ལ། དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་ཇེ་ཟབ་ཏུ་བཏང་བ་དང་། ཀྲུང་གོ་དང་ཨུ་རུ་སིའི་དམག་དོན་ཡིད་ཆེས་ཉིན་རེ་བཞིན་སྲ་བརྟན་དུ་བཏང་ནས། མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ། ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དམག་དཔུང་གཉིས་ཀྱི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ། ཕྱོགས་མང་བོའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བྱས་ནས། འཛམ་གླིང་དང་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།