ཞི་ཅིན་ཕིང་གི “ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་རྩོམ་སྒྲིག་བྱས་པའི། ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ་ཅེས་པ་མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་ལ་ཤུགས་སྣོན་རྒྱུ་དེ་རྒྱུན་མཐུད་རང་བཞིན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་ལས་དང་གྲོང་གསེབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བའི་དབང་གིས། དེར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་། “ཞིང་གསུམ”བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཡིན། 《ཀློག་དེབ》དེ་ཁྱོན་བསྡོམས་ཆེད་དོན་བཅུ་དྲུག་ལ་དབྱེ་ཡོད་ཅིང་། དེས“ཞིང་གསུམ”བྱ་བའི་ལོ་རྒྱུས་ཁ་ཕྱོགས་དང་འཐབ་ཇུས་ཀྱི་ངེས་གནས། འཕེལ་རྒྱས་ཀྱི་དམིགས་འབེན་དང་གཙོ་གནད་ལས་འགན། ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་སོགས་ཀྱི་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་བརྒྱབ་ཡོད།

《ཀློག་དེབ》དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ཁྱོན་ཡོངས་དང་གཏིང་ཟབ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་བསྐྲུན་ཆེད་འབད་འབུངས་ཧུར་ཐག་བྱེད་པར་ཕན་ཐོགས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།