ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ལའོ་ཝའོ་ཡི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧྲ་ལོན་སའེ་ལ་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན་གཉིས་ཀྱི་འཐབ་ཇུས་སྣེ་སྟོན་འོག་ཏུ། རྒྱལ་ཁབ་གཉིས་ཀ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་བ་བཅས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི་དུས་རབས་གསར་པར་སླེབས་ཡོད། ཕྱོགས་གཉིས་ཀས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་ཆེས་མཐོའི་མགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་དེ་རྩ་བའི་གཞི་འཛིན་སར་བརྩིས་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཡུན་རིང་བརྟན་པོའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝའོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ལྕགས་ལམ་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་། དཀའ་ངལ་ཁྱད་སེལ་གྱི་སྒོ་ནས་རོགས་སྐྱོར་བྱེད་ཐབས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་བརྗེ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ས་ཁུལ་གྱི་དར་རྒྱས་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། ཕྱོགས་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བཅས་བྱེད་འདོད་ཡོད་ཅེས་གསུངས།
ཧྲ་ལོན་སའེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝའོ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་དང་འདུ་ཤེས་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། དེའི་ནང་འབད་པས་ཞུགས་ནས། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡག་པོ་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།