ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་སྐྱེ་ཁམས་ཁོར་སྲུང་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་བསྡུ་གསོག་ཐག་གཅོད་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་ཤུགས་ཚད་ཆེན་པོའི་སྒོ་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། སྤུས་ཀ་ལེགས་པའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།
ཟི་ལིང་གྲོང་ཁྱེར་བཙོག་ཆུ་ཐག་གཅོད་བཟོ་གྲྭ་གསུམ་པ་དང་ཙོང་ཆུའི་ཆུ་སྤུས་ལྟ་ཞིབ་ཚད་ལེན་ཡུལ་དངོས་སུ་ཝུའུ་ཞའོ་ཅུན་གྱིས་གྲོང་ཁྱེར་གྱི་བཙོག་ཆུའི་དོ་དམ་དྲ་རྒྱ་འཛུགས་སྐྲུན་དང་བཙོག་ཆུ་བཟོ་གྲྭའི་ནུས་སྐྱེད་བཟོ་སྐྲུན་འཛུགས་སྐྲུན། བཙོག་ཆུ་ཕྱིར་འདོན་ལྟ་ཞིབ་ཚད་ལེན་ལས་གཞི་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། བཙོག་ཆུ་བསྡུ་གསོག་ཐག་གཅོད་བྱེད་པ་ནི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱེད་པའི་བྱ་བ་གཙོ་བོ་ཞིག་ཡིན་པས། བཙོག་ཆུའི་དོ་དམ་དྲ་རྒྱའི་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། འཚོ་བའི་བཙོག་ཆུ་བསྡུ་གསོག་དོ་དམ་དྲ་རྒྱའི་སྒྲིག་ཆས་འཛུགས་སྐྲུན་དང་སྒྱུར་བཀོད་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ནས། བཙོག་ཆུ་བསྡུ་གསོག་ཐག་གཅོད་ནུས་པ་རྒྱུན་མི་ཆད་པར་མཐོར་འདེགས་སུ་གཏོང་དགོས། དོ་དམ་དང་ཉིན་རྒྱུན་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཁོར་སྐྱོད་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། བདེ་འཇགས་བརྟན་འཇགས་སྒོས་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱས་ནས། ཆུ་འདོན་ཆུ་གཤིས་དམིགས་ཚད་དུ་སླེབས་པར་འགན་སྲུང་བྱེད་དགོས། ལས་གཞི་འཛུགས་སྐྲུན་སྤུས་ཚད་དང་ཨར་ལས་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་གཞི་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། བཙོག་ཆུ་ཐག་གཅོད་ཀྱི་ལས་གཞི་གཙོ་བོ་སྔ་མོ་ནས་ལག་བསྟར་བྱས་ཏེ་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས།
ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་བཟོ་གྲྭ་དང་རྟ་ཐང་རྫོང་ཁོངས་ཀྱི་གད་སྙིགས་ས་འོག་ཏུ་འཇུག་པའི་ཡུལ་དངོས་སུ་ཝུའུ་ཞའོ་ཅུན་གྱིས་ལས་གཞི་འཛུགས་སྐྲུན་འཕེལ་རིམ་དང་གད་སྙིགས་མེར་སྲེག་གློག་འདོན་བཟོ་རྩལ་བརྒྱུད་རིམ། དེ་མིན་གད་སྙིགས་ས་འོག་ཏུ་འཇུག་སའི་དོ་དམ་བདག་གཉེར་དང་གད་སྙིགས་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་བཤད་རྒྱུར། ཡུལ་བབ་དང་བསྟུན་པ་དང་རིགས་བགར་ཇུས་བསྟར་རྒྱུན་འཁྱོངས་བྱས་ཏེ། ལག་རྩལ་འོས་འཚམ་སྒོས་བཀོལ་སྤྱོད་བྱེད་པ་དང་དཔལ་འབྱོར་ལ་ཕན་ནུས་ལྡན་པ། ཁོར་སྲུང་དམིགས་ཚད་དུ་སླེབས་པའི་ཐག་གཅོད་བྱེད་ཐབས་གདམ་གསེས་བྱས་ནས། གྲོང་བརྡལ་གྱི་འཚོ་བའི་གད་སྙིགས་མེར་སྲེག་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་འགན་འཁྲི་དངོས་འབེབས་བྱེད་ཤུགས་ཆེ་རུ་གཏོང་བ། མེར་སྲེག་ས་རྡུལ་ཐག་གཅོད་པའི་དམིགས་ཚད་ལྟ་ཞིབ་བྱ་བར་ཤུགས་བསྣན་ནས། དམིགས་ཚད་ཕྱིར་གཏོང་བར་འགན་སྲུང་བྱེད་དགོས།
རྟ་ཐང་རྫོང་ཁྲང་ཉིན་གྲོང་རྡལ་དེད་ཅ་ཀྲུང་སྡེ་བ་རུ་ཝུའུ་ཞའོ་ཅུན་གྱིས་རྫོང་ཡོངས་ཀྱི་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་འཆར་འགོད་དང་དོ་དམ་དྲ་རྒྱའི་སྒྲིག་ཆས། བཙོག་ཆུ་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཡུལ་དངོས་ནས་དེད་ཅ་ཀྲུང་གི་བཙོག་ཆུ་ཐག་གཅོད་དང་སྡེ་བའི་རྣམ་པར་ལྟ་ཞིབ་བྱས་པར་མ་ཟད་སྡེ་བའི་ཁྱིམ་ཚང་དུ་སོང་ནས་མང་ཚོགས་ཀྱི་རྒྱུན་བཀོལ་འཐུང་ཆུ་དང་བཙོག་ཆུ་ཕྱིར་འདོན། དེ་མིན་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། རྩ་འཛུགས་ཞིབ་མོ་བྱས་ཏེ་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བཟང་བོ་བྱེད་པ་དང་། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་ལ་དག་ཐེར་བཅོས་སྐྱོང་བྱེད་པ་སོགས་ཀྱི་ལས་གཞི་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྤྱོད་ཁང་གསར་བརྗེ་གཏིང་ཟབ་ཏུ་སྤེལ་ཞིང་ཞིང་བའི་སྡོད་ཁང་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་ཚང་ཚད་དང་སྤྱི་ཐུན་ཞབས་ཞུའི་སྟབས་བདེ་ཚད། མི་སྡོད་ཁོར་ཡུག་སྐྱིད་ཚད་བཅས་མཐོར་འདེགས་སུ་གཏོང་བ། མི་སྡོད་ལས་སྤེལ་དང་མཛེས་པའི་གྲོང་གསེབ་མྱུར་དུ་འཛུགས་སྐྲུན་བྱས་ནས། ཞིང་བ་རྣམས་ལ་རང་ས་གནས་སུ་དེང་རབས་དཔལ་ཡོན་གྱི་འཚོ་བ་རོལ་དུ་འཇུག་དགོས་ཟེར།
ཝང་ཝེ་ཏུང་དང་ལིའུ་ཐོ། ཧི་ལུའུ་ཁྲོན་བཅས་རྟོག་ཞིབ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།