ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ནས། ལག་ལེན་དངོས་འབེབས་བྱེད་པའི་བྱེད་ཐབས་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་། ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ་དགུ་བཅུ་འགོར་བའི་དགའ་སྟོན་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་ཀའི་སློབ་སྐབས་མགོ་རྩོམ་པའི་མཛད་སྒོ། རྒྱལ་སའི་འོས་འགན་སྡོང་འཛུགས་ལ་ཞུགས་པ་དང་། ཀོང་ཏུང་དུ་གཟིགས་ཞིབ་མཛད་སྐབས་བཅས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ནི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་གསར་བ་ཡིན་ཞིང་། ང་ཚོས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་། དངོས་འབེབས་གང་ལེགས་བྱེད་པའི་ཐད་ཤུགས་བསྣན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་དག་སྲིད་གྲོས་བྱ་བ་སྣ་ཚོགས་ལས་མངོན་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་བརྗོད་དོན་སློབ་གསོ་སྤེལ་བར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་རེ་བ་བཅས་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བློ་སྦྱོང་བྱེད་དགོས། ཕྱོགས་ཡོངས་ནས་བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་དང་དམིགས་འབེན་ལས་འགན་ཡང་དག་པར་དམ་འཛིན་བྱས་ཤིང་། ཧུར་ཐག་སྒོས་གཞུང་ལུགས་སློབ་སྦྱོང་དང་རྟོག་དཔྱོད་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། ལྟ་ཞིབ་ལེགས་བཅོས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་འགན་འཁྲི་དངོས་འབེབས་བྱས་ཏེ།

སྤུས་ཚད་མཐོ་བའི་སྒོ་ནས་གཏན་འཁེལ་བྱ་བ་བཟང་བོར་སྒྲུབ་པ་དང་ཚད་གཞི་མཐོན་པོས་རང་གདམ་བྱ་བར་འཆར་འགོད་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། རྟོག་དཔྱོད་ཞིབ་འཇུག་གི་སྲོལ་ཆེས་ཆེར་དར་བར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་སོགས་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་ཐད་བློ་འདོན་ཇུས་འབུལ་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྲིད་གྲོས་ཀྱི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་སུ་བསྒྱུར་དགོས་ཟེར།

གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། ཡང་དག་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་ཀྱི་བཀོད་སྒྲིག་དང་རེ་བ་གསར་བ་དམ་འཛིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཉམ་འབྲེལ་ཆེན་མོ་རྒྱུན་འཁྱོངས་བྱས་ནས་དོན་དངོས་ལ་རྐང་བཙུགས་ཏེ་དངོས་འབེབས་དམ་འཛིན་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་སྐབས་གསུམ་པའི་རྨ་འགྲམ་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སྲིད་གྲོས་ཀྱི་ཕུལ་དུ་བྱུང་བའི་ཡིག་གཟུགས་དང་རི་མོའི་མཉམ་འབྲེལ་འགྲེམ་སྟོན་གྱི་གྲ་སྒྲིག་བྱ་བ་སོགས་ཀྱི་གནས་ཚུལ་སྙན་ཞུ་བྱས་པར་ཉན་པ་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ལག་བསྟར་ཇུས་གཞི་སོགས་ཡིག་ཆ་དང་ལོ་ཧྲིལ་བོའི་གཞུང་ལུགས་སློབ་སྦྱོང་ཇུས་གཞི། ཁྲིམས་འཛུགས་གྲོས་མོལ་འཆར་གཞི། ལྟ་རྟོག་བྱ་བའི་འཆར་གཞི། དེ་མིན་འབྲེལ་ཡོད་ཀྱི་མི་དོན་བྱ་བ་བཅས་ལ་གྲོས་ཞིབ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་པད་ཁོ་དང་། ཀྲང་ཞའོ་རོང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏཱ་ཡེ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།