ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། སི་ལོ་ཧྥ་ཁེའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཁི་ལཱ་ཨར་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་སི་ལོ་ཧྥ་ཁེའི་བར་རྒྱང་ཐག་གིས་ཆོད་ཡོད་ནའང་། རྒྱལ་ཁབ་གཉིས་ཀའི་བར་མཛའ་མཐུན་ལོ་རྒྱུས་རྒྱུན་རིང་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། ཕྱོགས་གཉིས་ཀས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ཁྲོད་དུ། དཔལ་འབྱོར་ཚོང་དོན་དང་ཚན་རྩལ། ཡུལ་སྐོར། མི་ཆོས་རིག་གནས། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཧྥ་ཁེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་ཡག་པོ་བྱེད་པ་དང་དེར་སྲུང་སྐྱོང་ཡག་པོ་བྱེད་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་ཕྱོགས་གཉིས་ཀས་ཆབ་སྲིད་ཐད་ཀྱི་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན། ཚོར་སྣང་སྐྱེན་པའི་གནད་དོན་བཅས་ཐག་གཅོད་འོས་འཚམ་བྱེད་དགོས། ཚོང་དོན་དང་དངུལ་གཏོང་། འགྲིམ་འགྲུལ་སོགས་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་པ་དང་། སི་ལོ་ཧྥ་ཁེ་ཕྱོགས་ཀྱི་ཁེ་ལས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་ཚོགས་དང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འདུ་ཚོགས་སོགས་ཀྱི་ལས་སྟེགས་བརྒྱུད་དེ། ཀྲུང་གོའི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། སི་ལོ་ཧྥ་ཁེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དྲང་བདེན་དང་མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་རོགས་བྱེད་པ། མི་ཆོས་རིག་གནས་བརྗེ་རེས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སི་ལོ་ཧྥ་ཁེའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་གང་ལེགས་གཏོང་དགོས་ཞེས་གསུངས།
ཁི་ལཱ་ཨར་གྱིས་ཀྲུང་གོ་ནི་སི་ལོ་ཧྥ་ཁེ་ལ་མཚོན་ནས་བཤད་ན། རྒྱལ་སྤྱིའི་སྟེང་གི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལྷག་འཁོར་བའི་རིང་གི་ལོ་རྒྱུས་དང་མཉམ་ལས་ཀྱི་རྨང་གཞི་རྒྱ་ཆེན་ལྡན་ལ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་ཆེན་པོ་ལྡན། འཛམ་གླིང་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པས། ལམ་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་དེར་འགྲན་རྒོལ་དང་ཆེ་བཤད་བྱེད་མི་རུང་། སི་ལོ་ཧྥ་ཁེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཕན་ཚུན་བར་གྱི་སྐད་ཆ་བཤད་རེས་ལ་ཤུགས་བསྣན་ནས། འགྲིམ་འགྲུལ་དང་མྱུར་བགྲོད་ལྕགས་ལམ། རླངས་འཁོར་བཟོ་སྐྲུན་བཅས་ཚུད་པའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་ཆོས་རིག་གནས་བརྗེ་རེས་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཐེ་ཉིན་གྲོས་མོལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།