ཏེན་ཞུའེ་ཞང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཏིས་པའེ་ཚོགས་ཆེན་གྱི་བསྐོ་སྒུག་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།
2023.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏིས་པའེ་ཚོགས་ཆེན་གྱི་བསྐོ་སྒུག་ཀྲུའུ་ཞི་སུའུ་ཨར་ཐན་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་སྔོན་དུ་ཐཱན་རྩེར་སོན་མངོན་འགྱུར་དང་ཉིས་སྟོང་དྲུག་ཅུ་ལོའི་གོང་དུ་ཐཱན་སྙོམས་སྦྱོར་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དེའི་སྟེང་ནས། ཀྲུང་གོ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་འབད་པས་ཞུགས་པའི་འགན་འཁྲི་འཁུར་སེམས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་བརྟན་པོའི་ངང་སྐུལ་འདེད་གང་ལེགས་བཏང་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་མུ་མཐུད་ལེགས་སྐྱེས་འབུལ་དགོས། ཀྲུང་གོ་ཕྱོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། དོན་འཁྱོལ་ལ་དམིགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་དངོས་སྒྲུབ་བྱ་སྤྱོད་ཀྱི་མཉམ་ལས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་དགེ་མཚན་ལྡན་པའི་བརྡ་བཏང་ནས། 《ཕ་རེ་སིའི་གྲོས་མཐུན》ཕྱོགས་ཡོངས་དང་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།

སུའུ་ཨར་ཐན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་བའི་མགོ་ཁྲིད་ནུས་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏིས་པའེ་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།