ཧན་ཀྲིན་གྱིས་པེ་ཅིང་ནས་ཝུ་ར་ཀུའེ་ཡི་ཕྱི་འབྲེལ་པུའུ་ཀྲང་པུའུ་སི་ཏིས་ལོས་ལ་མཇལ་འཕྲད་གནང་།
2023.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་ནས་ཝུ་ར་ཀུའེ་ཡི་ཕྱི་འབྲེལ་པུའུ་ཀྲང་པུའུ་སི་ཏིས་ལོས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལཱ་ཁ་ལེ་རྣམ་གཉིས་ཀྱི་འཐབ་ཇུས་མགོ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་འགོར་བ་གོ་སྐབས་སུ་བཟུང་སྟེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་ཇེ་མང་དུ་གཏོང་བ། འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་ཞིང་རྒྱུན་མཐུད་སྒོས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཝུ་ར་ཀུའེ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ངེས་ཡིན་པར་མ་ཟད། ཝུ་ར་ཀུའེ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། ཕྱོགས་གཉིས་ཀྱིས་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

པུའུ་སི་ཏིས་ལོས་ཀྱིས་བཤད་དོན། ཝུ་ར་ཀུའེ་དང་ཀྲུང་གོའི་བར་ཐག་རིང་ནའང་། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་མཉམ་ལས་ཀྱི་ཁྱབ་ཁོངས་ཇེ་མང་དུ་འགྲོ་བཞིན་ཡོད། ཝུ་ར་ཀུའེ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཕྱི་ནང་གི་སྲིད་ཇུས་ལ་གཟེངས་བསྟོད་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་ལག་རྡང་སྦྲེལ་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་པར་རེ་སྒུག་བྱས་ཡོད།

བཀྲ་ཤིས་འབུམ་གྱིས་བསྒྱུར།