ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཟི་ལིང་སློབ་ཆེན་གྱི་སྡོང་འཛུགས་བྱེད་ས་རུ་སོང་ནས། ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་ནང་ཞུགས།
སྡོང་འཛུགས་ཡུལ་དངོས་སུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན། མགོན་པོ་བཀྲ་ཤིས་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཐོག་མར་འགྲེམ་སྟོན་པང་ལེབ་ལ་བལྟས་པ་དང་ངོ་སྤྲོད་ལ་ཉན་ཞིང་། ཞིང་ཆེན་ཡོངས་དང་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁོངས་ལྗང་སྒྱུར་དང་ཟི་ལིང་སློབ་ཆེན་གྱི་སློབ་རའི་ལྗང་སྒྱུར་འཆར་འགོད་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། རྩྭ་སོན་གསོ་སྤེལ་དང་ལྗང་སྒྱུར་མ་རྩ། ཉིན་རྒྱུན་གྱི་དོ་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། དེའི་རྗེས། ཞིང་ཆེན་གྱི་འགོ་ཁྲིད་དང་ལས་བྱེད་པ། མང་ཚོགས་བཅས་དང་མཉམ་དུ། སྡོང་ཕྲུག་བཙུགས་པ་དང་ཆུ་བཏང་ལ། ངལ་རྩོལ་བྱེད་ཞོར་དུ་རང་ཞིང་གི་ནགས་སྐྲུན་ལྗང་སྒྱུར་སྔོན་ཐོན་དཔེ་མཚོན་ཏེ། ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་འགོ་གཙོ་ཀྲང་ཅིན་མེ་ཡི་གམ་ནས་སྡོང་ཕྲུག་གི་རིགས་སྣ་དང་སྐྱེ་སྲིང་གོམས་གཤིས་སོགས་ལ་རྒྱུས་ལོན་གསལ་བོ་བྱས། ལས་བྲེལ་ཆེན་པོ་བརྒྱུད་དེ། ཚང་མས་མཉམ་དུ་སྒྲོན་ཤིང་དང་པྲ་ཚིལ་ཤིང་། ལི་ཤི་སོགས་སྡོང་ཕྲུག་མང་པོ་བཙུགས་པ་དང་། རྩྭ་སོན་མང་པོ་བཏབ་ནས། འཛུགས་སྐྲུན་ཁྲོད་ཀྱི་ཟི་ལིང་སློབ་ཆེན་གྱི་སློབ་རར་གསོན་ཤུགས་ཆེན་པོ་བསྣན།
སྡོང་པོ་འཛུགས་པའི་སྐབས་སུ། ཁྲིན་ཀང་གིས་ད་དུང་སྡོང་འཛུགས་ནགས་སྐྲུན་དང་ཟི་ལིང་སློབ་ཆེན་འཛུགས་སྐྲུན་སོགས་ཀྱི་བྱ་བའི་ཐད་ནས་ཚང་མ་དང་བསམ་ཚུལ་བརྗེ་རེས་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་སྡོང་བོར་བརྟེན་ནས་ཆུ་དྭངས་རི་ལྗང་ཡོང་བར་བྱེད་པ་དང་རྒྱལ་ཁོངས་ཁྱིམ་གཞི་མཛེས་བསྒྱུར་བྱེད་པ། སྐྱེ་སྲིང་གི་སྡོང་བོར་བརྟེན་ནས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕུལ་བྱུང་འཇོན་མི་སྐྱེད་སྲིང་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་ལྗང་མདོག་སྣོན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་མི་གསར་བ་སྐྱེད་སྲིང་བྱེད་དགོས།
ཟི་ལིང་དུ་སྡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། ཟི་ལིང་སློབ་ཆེན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པ་སྐོར་ཞིག སྐལ་བཟང་གི་ལྗང་མདོག་དང་བླངས་ཞབས་ཞུ་རུ་ཁག་བཅས་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།
བསྡོམས་རྩིས་བྱས་པ་ལྟར་ན། 2017ལོར་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་འགུལ་སྐྱོད་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་རྒྱལ་ཁོངས་མུའུ་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་བདུན་ཁྲི་གཉིས་སྟོང་བདུན་ལྗང་བསྒྱུར་བྱས་པ་དང་། ནགས་ཚལ་ཁེབས་ཚད་བརྒྱ་ཆའི་གནས་གཅིག་དང་གྲངས་ཆུང་གཉིས་ཇེ་མང་དུ་སོང་ལ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་བརྒྱ་ཆའི་ང་བདུན་ལྷག་ལ་སླེབས། ད་ལོར་། རང་ཞིང་གིས་རྒྱལ་ཁོངས་མུའུ་ས་ཡ་བཞི་ལྗང་བསྒྱུར་བྱེད་པ་དང་། འོས་འགན་སྡོང་ཕྲུག་བྱེ་བ་གཅིག་དང་ས་ཡ་ལྔ་འཛུགས་པ། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ་དང་ནགས་ཚལ་གྲོང་སྡེ་བཅུ་འཛུགས་སྐྲུན་བྱེད་པ། བྱེ་ས་མུའུ་ས་ཡ་གཅིག་དང་འབུམ་གཉིས་ལ་བྱེ་འགོག་བྱེ་བཅོས་བྱེད་རྒྱུའི་འཆར་གཞི་བཟོས་ཡོད།
རིན་ཆེན་མཚོས་བསྒྱུར།