ཁྲིན་ཀང་གིས་མུ་རི་གཏེར་ཁུལ་དུ་རྟོག་ཞིབ་བྱས།
2023.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མུ་རི་གཏེར་ཁུལ་དུ་སོང་ནས། ཡུལ་དངོས་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ལ་མཛུབ་སྟོན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ། གཟབ་ནན་གྱིས་ཡོངས་འགྲུབ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་སྟེ། ཀྲུང་དབྱང་གི་ཁས་ལེན་ཐོབ་པ་དང་མི་དམངས་ཡིད་ཚིམས་པ། ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་པའི་རྒྱུགས་གཞི་ཞིག་སྤྲོད་དགོས་པ་ནན་གྱིས་བསྟན།

ཟླ་བཞི་པའི་མུ་རི་གངས་འཁྱག་གིས་བཟུང་ཞིང་གྲང་རླུང་འུར་འུར་དུ་ལྡང་བཞིན་ཡོད། ཁྲིན་ཀང་སྤྱང་ཚང་གཏེར་ཁྲོན་དང་པོ་དང་བཞི་བ། ཅོག་རྒན་གཏེར་ཁྲོན་གསུམ་པ་དང་ལྔ་བ། ཧ་དགེ་ནས་མུ་རི་བར་གྱི་ལྕགས་ལམ་ཀུང་ཟིའི་མུ་རིའི་མེ་འཁོར་ས་ཚིགས་བཅས་སུ་སོང་སྟེ། སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ལ་ཉན་པ་དང་། ཡུལ་དངོས་ནས་ས་རྒྱུའི་གནས་ཚུལ་དང་རྩྭ་འདེབས་ལྗང་མདོག་སླར་གསོ་བྱས་པའི་གནས་ཚུལ། ས་ཆུ་སྲུང་འཛིན་དང་ས་ངོས་ཀྱི་བཟོ་བཀོད་གཏོར་བཤིག་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་རྩྭ་འདེབས་ལྗང་མདོག་སླར་གསོའི་གོམ་རིམ་བདུན་གྱི་ལག་རྩལ་ལས་རིམ་དང་། ས་ཁོངས་བགར་ནས་ཕྱུགས་འཚོ་བ་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་པ། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལས་ཁས་ལེན་གང་ལེགས་བྱས་པར་མ་ཟད། ལས་བྱེད་མི་སྣས་རྗེས་མཐུད་ཀྱི་དོ་དམ་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ལ་ཤུགས་སྣོན་བྱས་ཏེ། མིའི་ཐབས་ཀྱི་སླར་གསོ་ནས་རང་བྱུང་སླར་གསོའི་ཕྱོགས་སུ་བརྟན་འཇགས་ངང་བར་བརྒལ་བྱེད་པར་ཁག་ཐེག་བྱེད་དགོས་པའི་སྐུལ་མ་བཏང་། ཁྲིན་ཀང་གིས་ཅོག་རྒན་གཏེར་ཁྲོན་ལྔ་བའི་བྱང་ངོས་ཀྱི་བྲག་ངོས་སུ་བརྐོས་པའི་ཉེན་བརྡའི་ཡི་གེ་དམར་པོ་དེར་ཡུན་རིང་ཅེར་རྗེས་ཡིད་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ཉེན་བརྡའི་ཡི་གེ་དེ་མུ་རི་གཏེར་ཁུལ་གྱི་བྲག་ངོས་སུ་བརྐོ་དགོས་པར་མ་ཟད། ལས་བྱེད་པ་རེ་རེའི་སེམས་སུ་བརྐོ་དགོས། རང་བྱུང་སྐྱེ་ཁམས་ཀྱི་སླར་གསོ་བྱ་བ་དེ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་ལ། ཆབ་སྲིད་སྐྱེ་ཁམས་ཀྱི་སླར་གསོ་དེ་ལྷག་ཏུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱེད་པ་ནི་སྲུང་སྐྱོབ་གཉིས་ཀྱི་བྱ་བ་ལག་བསྟར་བྱེད་པའི་ཆེས་ཐད་ཀར་དང་ཆེས་བྱེ་བྲག་གི་བྱ་སྤྱོད་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ་དང་། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་ཡོངས་འགྲུབ་བྱེད་པའི་ལོའི་བྱ་བ་སྣ་ཚོགས་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་བཟོ་སྐྲུན་གྱི་ཡུན་ཚད་ནན་འཛིན་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་དྲག་པོས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་ཡོངས་འགྲུབ་བྱེད་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་སྲ་བརྟན་དུ་བཙུགས་ཤིང་། ནན་ཏན་གྱིས་བསླབ་བྱ་བསྡུ་ལེན་དང་དཔེ་གཅིག་གིས་གཞན་ལ་རིགས་བསྒྲེས་ནས་རྒྱུན་རྣམ་ཅན་གྱི་གནད་དོན་རྩད་གཅོད་དང་གནད་དོན་ཐག་གཅོད་ཀྱི་ནུས་ལྡན་རྐྱེན་སྲོལ་འཛུགས་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་མོ་ཁུར་དུ་བླངས་ནས། དུས་ཡུན་རིང་བོར་ཕན་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས། མིས་སྔོ་ལྗང་གི་རི་བོར་གཏོར་བརླག་མ་བྱས་ན་སྔོན་ལྗང་གི་རི་ཆུས་བློ་སྟོང་བྱེད་མི་སྲིད་པ་ཡིད་ལ་དམ་པོར་བཟུང་སྟེ། འཐུས་སྒོ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་དང་ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གནད་དུ་བཟུང་སྟེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྙེག་དགོས་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་པ་ལིའུ་ཐའོ་དང་ལིས་ཞའོ་ནན་རྟོག་ཞིབ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།