ཟླ་བཞི་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་པང་ཀི་དང་གྲོས་མོལ་གནང་བ་དང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་རེས་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཐག་བཅད།
ཞི་ཅིན་ཕིང་གིས་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཀ་པོན་ཕྱོགས་གྱིས་ཀྱང་སྔ་མོ་ནས“གསར་དར་ཀ་པོན”བསྐྲུན་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གྱི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཀ་པོན་ཕྱོགས་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནགས་ལས། ཉ་ལས། གཞི་གྲངས་དཔལ་འབྱོར། ཐོན་ལས་གླིང་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀ་པོན་གྱི་དཔལ་འབྱོར་སྣེ་མང་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར་ཡོང་བར་རྒྱབ་སྐྱོར་བྱེད་པ། ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་སྟོན་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀས་མི་ཆོས་རིག་གནས་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཡུལ་སྐོར་དང་གྲོང་གསེབ་དར་སྤེལ། དབུལ་པོ་ཉུང་གཏོང་། ཞིང་ཕན་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཕྱོགས་གཉིས་ཀས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་སུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་བསུ་མ་བྱེད་པའི་སྐབས་དང་ཉེ་བས། ཕྱོགས་གཉིས་ཀའི་མཛའ་མཐུན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།
པང་ཀི་ཡིས་ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ནས། མཛའ་མཐུན་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་ལས་དོན་མང་པོའི་ཐད་རྒྱལ་ཁབ་གཉིས་ཀའི་ལངས་ཕྱོགས་གཅིག་མཚུངས་སམ་ཡང་ན་ཧ་ཅང་ཉེ་བས། ཚང་མས་རྒྱལ་ཁབ་སོ་སོའི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་། རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུར་ངོ་རྒོལ་བྱེད་པ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དང་ཚད་གཞི་གཉིས་ལག་བསྟར་བྱ་རྒྱུར་ངོ་རྒོལ་བཅས་བྱ་རྒྱུའི་འདོད་ཚུལ་བཟུང་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་འཐབ་ཇུས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་དང་གྲུབ་འབྲས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
གྲོས་མོལ་གྱི་རྗེས་སུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་དངུལ་གཏོང་དང་ཞིང་ལས། སྡོད་ཁང་། གྲོང་ཁྱེར་འཛུགས་སྐྲུན། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་པང་ཀི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་པང་ཀི་དང་ལྕམ་མོ་ཞི་ཨར་ཝེ་ཡ་ལ་དགའ་བསུ་ཞུ་བའི་གསོན་སྟོན་བཤམས།
ཝང་དབྱི་དང་ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།